འདན་མའི་བོད་མི་གསུམ་རྒྱ་ནག་གིས་མནར་གཅོད་འོག་བསད་པ་དང་དེའི་ཐད་སྤྱི་འཐུས་ནས་བསྒྲཊ་གཏམ་སྤེལ་འདུག
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། སེར་ཤུལ་རྫོང་འདན་མ་ཡུལ་ཚོ་ཤུག་པ་གྲོང་པའི་སྡེ་དཔོན་དབང་གྲགས་ཀྱི་ཨ་ཞང་ཚེ་དབང་མགོན་པོ་ལོ༦༠དང་། དབང་གྲགས་ཀྱི་སྤུན་མཆེད་ཡེ་ཤེས་ལོ་༤༢ དེ་བཞིན་དབང་གྲགས་ཚང་གི་མག་པ་སྦྱིན་པ་མཐའ་ཕྱིན་ལོ་༡༨ བཅས་ཚེས་༡༢ ཉིན་རྒྱ་ནག་གིས་མེ་མདས་དྲག་གནོན་འོག་རྨས་སྐྱོན་ཐེབས་པ་དང་། དེ་ནས་འཛིན་བཟུང་གིས་སེར་ཤུལ་རྫོང་བཙོན་ཁང་དུ་བཅུག་ནས་རྡུང་རྡེག་དྲག་པོ་བཏང་ནས་བསད་ཡོད་པ་རེད་འདུག དེའི་ཐད་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་གཙོ་འཆམ་ར་དྲི་མེད་རྒྱལ་མཚན་ལགས་ཀྱིས་བརྗོད་དོན། གནས་ཚུལ་དེ་བདེན་པ་ཡིན་པ་དང་། བཀག་ཉར་འོག་བསད་པའི་ཁོང་ཚོའི་ཕུང་པོ་ཚེས་༡༨ཉིན་ལོ་ཕྱུག་དུ་ཚུར་བསྐྱལ་ནས་ནང་མིར་སྤྲད་ཡོད་པ་བརྗོད་ཡོད།
ད་དུང་གནས་ཚུལ་ལྟར་ན། སྤྱི་ཟླ་༨པའི་ཚེས་༡༨ཉིན་སེར་ཤུལ་རྫོང་། འདན་མ་༼ལོ་ཕྱུག་༽དྲན་འཁོང་ཡུལ་ཚོའི་མི་མང་རྒྱ་གཞུང་གིས་ཚོགས་འདུ་བསྡུས་ཏེ་དབང་གྲགས་འཛིན་བཟུང་བྱེད་དོན་ནི། རྟ་རྒྱུགས་སོགས་ཀྱི་གནད་དོན་མིན་པར།ཁོས་སྤྱི་རྒྱུ་ལྐོག་ཟ་བྱས་ཡོད་པ་རེད་ཅེས་བརྗོད་དགོས་སྐོར་བཤད་འདུག
སྐབས་དེར་མང་ཚོགས་མང་པོ་བསྡུ་རུབ་མ་ཐུབ་པས། ཚེས་༡༩ ཉིན་བསྐྱར་དུ་ཚོགས་འདུ་སྐོང་དགོས་པའི་བཀའ་རྒྱ་བཏང་འདུག
གནས་ཚུལ་འདིའི་ཐད་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་ནག་གི་བྱ་སྤྱོད་ལ་ངོ་རྒོལ་གྱི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་ཀྱང་སྤེལ་འདུག་པ་དེའི་ནང་།
བོད་མི་ཚོའི་ཐོག་དེང་རབས་ཀྱི་མཚོན་ ཆ་བེད་སྤྱོད་བཏང་སྟེ་མི་སྤྱོད་ལས་འདས་པའི་དྲག་གནོན་གྱིས་བོད་མི་མང་པོར་ཆེས་ཚབས་ཆེའི་རྨས་སྐྱོན་བཟོས་པ་མ་ཚད། འཛིན་བཟུང་བཀག་བསྐྱིལ་འོག་མནར་གཅོད་ཚད་མེད་བཏང་སྟེ་དམར་གསོད་བཏང་ཡོད་པ་དང་། རྨས་མར་སྨན་བཅོས་དུས་ཐོག་མ་སྤྲད་པར་འདས་གྲོངས་སུ་གྱུར་པ་སོགས་ཆེས་ཐབས སྐྱོའི་རང་བཞིན་གྱི་གནས་སྟངས་ངང་ལྷུང་དགོས་ཐུག་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡུལ་སྡེ་ནང་མི་ལྟོས་བཅས་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་ཆབས་ཅིག་དེ་དག་གི་ངན་ཁག་ཡོངས་རྫོགས་རྒྱ་གཞུང་ནས་ཁུར་ དགོས་པའི་དྲན་སྐུལ་ནན་པོ་བྱེད་རྒྱུ་ཡིན་ཞེས་སོགས་འཁོད་འདུག
གསར་འགོད་པ་ཀླུ་འབུམ་དང་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།
བོད་མི་གསུམ་མནར་གཅོད་འོག་བསད་པ་དང་དེའི་ཐད་བསྒྲཊ་གཏམ།
