རྒྱ་ནག་ནང་འབར་རྫས་གཏོར་རྒོལ་གྱི་དོཌ་གཞི་ཅན་འཛིན་བཟུང།
2011.08.19
༄༅༎གཟའ་འཁོར་གཉིས་ཀྱི་གོང་དེར་རྒྱ་ནག་གི་བྱང་ཕྱོགས་ཧེ་བེ་ཞིང་ཆེན་ནང་དུ་ཡོད་པའི་ཨ་མི་རི་ཀའི་སྟབས་བདེའི་བྱ་ཤའི་ཟ་ཁང་ཀེན་ཀྲ་ཀི་འབར་རྫས་ཀྱི་གཏོར་རྒོལ་ནང་དོགས་གཞི་ཡོད་པའི་མི་གསུམ་འཛིན་བཟུང་བྱས་པའི་སྐོར་ཤིང་ཧྰ་གསར་ཤོག་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
དེ་རིང་རེས་གཟའ་པ་སངས་ཉིན་ཧེ་བེ་ཞིང་ཆེན་གྱི་བདེ་འཇགས་ལས་ཁང་གི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཐོག་ཧེ་བེ་ཞིང་ཆེན་གྱི་ཉེན་རྟོག་པས་འབར་རྫས་ཀྱི་གཏོར་རྒོལ་ནང་དོགས་གཞི་ཡོད་པའི་མི་གསུམ་རེས་གཟའ་ཕུར་བུའི་དགོང་མོ་འཛིན་བཟུང་བྱས་ཡོད་པ་དང༌། ཁོང་ཚོ་གསུམ་ལ་གནས་ཚུལ་འདྲི་རྩད་བྱས་པའི་སྐབས། འབར་རྫས་ཀྱི་གཏོར་རྒོལ་གཏོང་མཁན་ཡིན་པའི་ངོས་ལེན་བྱས་ཚུལ་བཤད་ཡོད་པ་ལས་ཞིབ་ཕྲའི་གནས་ཚུལ་འགྲེལ་བརྗོད་བྱས་མེད་པ་རེད།
འབར་རྫས་ཀྱི་དོན་རྐྱེན་དེ་ནི། ཉེ་ཆར་ཕྱི་ཟླ་བརྒྱད་པའི་ཚེས་༧ ཉིན་གྱི་ཉིན་དགུང་ཚོུད་༢ དང་སྐར་མ་༡༥ ཐོག་ཧེ་བེ་ཞིང་ཆེན་གྱི་རེན་ཆིའུ་གྲོང་ཁྱེར་གྱི་ཀེན་ཀྲ་ཀི་བྱ་ཤ་རྔོད་པ་་ཚོང་མཁན་སྟབས་བདེའི་ཟ་ཁང་ལ་འབར་རྫས་ཀྱི་གཏོར་རྒོལ་བཏང་བ་དང༌། སྐབས་དེར་མི་གཅིག་ལས་རྨས་སྐྱོན་ཕོག་མེད་པའི་གནས་ཚུལ་ཐོན་ཡོད་པ་རེད། དེང་སྐབས་རྒྱ་ནག་ནང་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲན་བསྡུར་དེའི་ཐོག་ནས་དཔོན་རིགས་ནས་ལྐོག་ཟ་རུལ་སུངས་ཀྱི་་བྱ་སྤྱོད་དང༌། གཞུང་གིས་མི་དམངས་ཀྱི་ས་ཁང་བཙན་འཕྲོག་བྱེད་པའི་བྱ་སྤྱོད་སོགས་ལ་མི་དམངས་ནང་གཞུང་གི་བྱ་སྤྱོད་ལ་མི་དགའ་བ་དང་ཁོང་ཁྲོའི་རྣམ་པ་ཇེ་སྡུག་ཏུ་འགྲོ་བཞིན་པ་མ་ཟད། གཞུང་གི་བྱ་སྤྱོད་ལ་ཁ་གཏད་བཅོག་མི་ཐུབ་པར་འུ་ཐུག་ཐབས་ཟད་ཀྱིས་དྲག་པོའི་ལས་ལ་འཇུག་པའི་གནས་ཚུལ་རིམ་པ་བྱུང་བཞིན་ཡོད་པ་ནི། ཁག་ཅིག་ནི་རང་ཉིད་ཀྱི་ས་ཁང་བཙན་འཕྲོག་བྱས་པར་གུན་གསབ་མ་ཐོབ་པ་དང་ལས་མེད་གྱུར་བའི་དཀའ་ངལ། དཔོན་རིགས་ཀྱིས་ལྐོག་ཟ་རུལ་སུངས་ཀྱི་་བྱ་སྤྱོད་ཐོག་ཁོང་ཁྲོས་མི་བཟོད་པར་རང་ལུས་མེ་བསྲེག་བཏང་བ་དང་གཞུང་གི་ཁྲིམས་ཁང་ཐོག་འབར་རྫས་ཀྱི་གཏོར་རྒོལ་བཏང་བའི་གནས་ཚུལ་རིམ་པ་བྱུང་ཡོད་པ་རེད།