རྒྱ་ནག་ཏུ་བཟོ་གྲྭ་ལས་མི་སྟོང་ཕྲག་མང་ནས་ངོ་རྒོལ།
2011.11.19
༄༅༎རྒྱ་ནག་ལྷོ་ཕྱོགས་སུ་ཡོད་པའི་ཡུ་ཁྲང་ལྷམ་གྱི་བཟོ་གྲྭ་ཞིག་གི་ལས་མི་བདུན་སྟོང་ཙམ་གྱིས། ལས་མི་ཉུང་དུ་བཏང་པ་དང་གླ་ཕོགས་ཆུང་དུ་བཏང་པ་བཅས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་གྱིས་ལས་མཚམས་བཞག་པའི་དོན་རྐྱེན་དེའི་འོག ངོ་རྒོལ་བ་དང་ཉེན་རྟོག་མི་སྣའི་དབར་གདོང་ཐུག་བྱུང་ཡོད་པ། རྒྱ་ནག་ཐོག་ལས་སྩོལ་བལྟ་རྟོག་ཚོགས་པ་ཞེས་པ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་པ་དེས་གནས་ཚུལ་སྤེལ་འདུག།
ངོ་རྒོལ་བ་ཚོས་གཟའ་ཕུར་བུའི་ཉིན་ཀོང་ཏུང་ཞིང་ཆེན་གྱི་ཏོང་ཀུའན་གྲོང་ཁྱེར་གྱི་ཉེ་འགྲམ་དུ་ཆགས་པའི་ལྷམ་གྱི་བཟོ་གྲྭ་དེའི་ནང་འགྲོ་འོང་གི་ལམ་ཡོངས་རྫོགས་བཀག་པ་དང་། ཉེན་རྟོག་པས་འགྲོ་ལམ་བཤང་ཐབས་བྱེད་སྐབས་ཉེན་རྟོག་པས་ངོ་རྒོལ་བ་ཚོའི་ཐོག་ཉེས་བརྡུང་བཏང་སྟེ་ཉུང་མཐར་མི་བཅུ་གཅིག་ལ་རྨས་སྐྱོན་ཕོག་ཡོད་འདུག
ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱེད་པའི་རྒྱ་ནག་ལས་སྩོལ་བལྟ་རྟོག་ཚོགས་པ་ཟེར་བ་དེས། ཡུ་ཁྲང་ ལྷམ་གྱི་བཟོ་གྲྭ་དེས་འདས་པའི་ཟླ་བ་ ༡༨ རིང་ ལས་མི་ཉུང་དུ་བཏང་པ་དང་། ལས་སྩོལ་བའི་གླ་ཕོགས་ཉུང་དུ་བཏང་ཡོད་ཅིང༌། ལས་མི་ཕྱིར་འབུད་བྱས་པའི་ཁོངས་སུ་ འགན་འཛིན་མི་གྲངས་ ༡༨ ཙམ་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་དང་། ངོ་རྒོལ་བ་ཚོས་ བཟོ་གྲྭའི་བདག་པོ་ཚོས་ཡུ་ཁྲང་གི་བཟོ་གྲྭ་དེ། རྒྱ་ནག་ལྷོ་ཕྱོགས་ཀྱི་ས་ཁུལ་དེ་ནས་ཅིའང་ཤི་ཞིང་ཆེན་གྱི་ནང་གནས་སྤོ་བྱེད་རྒྱུའི་འཆར་གཞི་ཡོད་པར་དྭོགས་པ་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་ལྷོ་ཕྱོགས་སུ་འཛམ་གླིང་ནང་བེད་སྤྱོད་བྱེད་པའི་དངོས་ཟོག་མང་ཆེ་བ་བཟོ་བསྐྲུན་བྱ་ཡུལ་གྱི་བཟོ་གྲྭ་ཧ་ལས་པའི་མང་པོ་ཡོད་ལ། རྒྱ་མི་ལས་སྩོལ་བ་ས་ཡ་བཅུ་ཕྲག་མང་པོ་བཟོ་གྲྭ་དེ་དག་གི་ནང་ལས་ཀ་བྱེད་བཞིན་ཡོད་པ་རེད། རྒྱ་ནག་ལྷོ་ཕྱོགས་ཀྱི་དཔལ་འབྱོར་གྱི་གནས་སྟངས་ཀྱང་། རྒྱ་ནག་གི་ས་ཕྱོགས་གཞན་ལས་མཐོ་བ་ཡོད་ཀྱང་ ད་ཆ་རྒྱ་ནག་ལྷོ་ཕྱོགས་སུ་ཡོད་པའི་བཟོ་གྲྭ་དེ་དག་གི་ལས་སྩོལ་བའི་གླ་ཕོགས་མཐོ་རུ་འགྲོ་བཞིན་པར་བརྟེན། བཟོ་གྲྭ་མང་པོ་ཞིག་རྒྱ་ནག་གི་ས་ཕྱོགས་གཞན་དུ་ལས་སྩོལ་བའི་རིན་གོང་ཆུང་ངུ་ལས་སྤྲོད་མི་དགོས་པའི་ས་གནས་ཁག་ཏུ་གནས་སྤོ་བྱེད་བཞིན་ཡོད་པ་རེད།།