༄༅༎རེས་གཟའ་སྤེན་པའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། མེཀ་སི་ཀོ་སི་ཀྲི་ དུ་མེཀ་སི་ཀོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སའན་ཀྲི་ཡ་གོ་དང་མཇལ་འཕྲད་གནང་བ་དང་དེ་རྗེས། བོད་ཀྱི་འགྲེམས་སྟོན་ཞིག་དབུ་འབྱེད་གནང་ཡོད་པ་རེད།
མེཀ་སི་ཀོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སའན་ཀྲི་ཡ་གོ་ནི། དེ་སྔ་མེཀ་སི་ཀོའི་སྲིད་འཛིན་ལྦི་སེན་ཏི་སྐབས། ནང་སྲིད་བློན་ཆེན་གྱི་ཐུགས་འགན་བཞེས་མྱོང་ཡོད་པ་དང༌། དེ་སྔ་༢༠༠༤ ལོའི་ཕྱི་ཟླ་༡༠ པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མེཀ་སི་ཀོ་དུ་ཆིབས་བསྒྱུར་བསྐྱང་པའི་སྐབས། སྐུ་ཞབས་སའན་ཏི་ཡ་གོ་མཆོག་ནས། ནང་སྲིད་བློན་ཆེན་གྱི་མཚན་གནས་ཀྱི་ཐོག་ནས་མེཀ་སི་ཀོ་གཞུང་གི་སྐུ་ཚབ་ཞུས་ཏེ། གཞུང་འབྲེལ་གྱི་ཐོག་ནས་ཕེབས་བསུ་ཞུས་ཡོད་པ་རེད། རེས་གཟའ་སྤེན་པའི་ཉིན་གྲོས་ཚོགས་འཐུས་མི་སྐུ་ཞབས་སའན་ཏི་ཡ་གོ་དང་ཁོང་གི་ནང་མི་རྣམས་ལ་མཇལ་འཕྲད་གནང་གྲུབ་པའི་རྗེས། མེཀ་སི་ཀོ་སི་ཀྲི་ཡི་ནང་དུ་ཡོད་པའི་དྲན་རྟེན་དང་འཆམ་མཐུན་ཞེས་པའི་འགྲེམས་སྟོན་ཁང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང༌། བོད་དོན་ཐོག་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་ཞུ་མཁན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་སྐད་གྲགས་ཅན་སྐུ་ཞབས་རི་ཆདྲ་གིཡར་ལྷན་དུ་བོད་ཀྱི་འགྲེམས་སྟོན་དེ་དབུ་འབྱེད་གནང་ཡོད་པ་རེད།
འགྲེམས་སྟོན་དེ་ནི། བོད་རྒྱལ་ཁབ་བཙན་འཕྲོག་བྱས་པ་དྲན་རྟེན་བྱ་རྒྱུའི་ཆེད་དུ་ཡིན་ཞིང༌། འགྲེམས་སྟོན་བྱེད་ཡུལ་ཁང་མིག་ལྔའི་ནང་དུ། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་དྲག་གནོན་བྱེད་པའི་གནས་སྟངས་ར་སྤྲོད་བྱས་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་རྣམས་གཙོ་བོ་འགྲེམས་སྟོན་བྱས་པའི་ཁར། བོད་ཀྱི་ནང་ཆོས་སྐོར་ལ་འགྲེམས་སྟོན་བྱས་ཡོད་པ་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོ་གྲུབ་པའི་རྗེས། དེར་འདུ་འཛོམས་བྱས་པའི་སྐུ་མགྲོན་དང་གསར་འགྱུར་ལས་རིགས་ཁག་གི་གསར་འགོད་པ་བཅས་མི་དམངས་༢༠༠ ལྷག་ལ་བཀའ་སློབ་ཐུང་ངུ་ཞིག་གནང་བའི་ནང༌། བོད་དོན་གོ་རྟོགས་སེལ་ཐབས་ཀྱི་འགྲེམས་སྟོན་གོ་སྒྲིག་གནང་མཁན་ཚོར་ཐུགས་རྗེ་ཆེའི་བཀའ་གནང་བ་དང༌། འཛམ་གླིང་མི་དམངས་ལ་བོད་དོན་གོ་རྟོགས་སྤྲོད་རྒྱུ་དང་མི་དམངས་ཚོར་ཡང་བོད་དོན་གོ་རྟོགས་མང་ཙམ་ཡོང་རྒྱུའི་ཆེད་དུ་འགྲེམས་སྟོན་དེ་ལྟ་བུ་ཧ་ཅང་གི་འགལ་འགངས་ཆེན་པོ་ཡིན་པ་བཀའ་གནང་ཡོད་པ་རེད།།