མི་དཀར་དཀར་དང་ཁྲིམས་ནག་ནག་གི་འཕྲེད་དར་འོག་ཕེབས་བསུ།
2015.04.06
འཕྲིན་ལས་རྒྱ་མཚོ་ལགས་བཙོན་གྲོལ་ཐོབ་པར་ཁོང་གི་ཆོས་གྲོགས་དང་བོད་མི་སྟོང་ཕྲག་བརྒལ་བས་ཕེབས་བསུ་ཞུས་འདུག
དེ་ཡང་འདི་གར་གནས་ཚུལ་འབྱོར་དོན། ཚེས་༤ཉིན་རྟོགས་ལྡན་དགོན་པའི་དགེ་འདུན་པ་འཕྲིན་ལས་རྒྱ་མཚོ་ལགས་རྒྱ་ནག་ཟི་ཁྲོན་ཕྱོགས་ཀྱི་མེན་ཡང་བཙོན་ཁང་ནས་བཙོན་གྲོལ་བྱུང་སྐབས་ཁོང་གི་སྟོད་གོས་ཐོག་དྲང་བདེན་དང་གནས་ལུགས་ཀྱི་ཆེད་འཚེ་མེད་ཞི་བདེ་ཞེས་བོད་ཡིག་ཆེན་པོ་བྲིས་ནས་བཙོན་ཁང་ནས་ཕྱི་ལ་ཐོན་པ་དང་། དེར་ཆེད་དུ་བཅར་བའི་རྟོགས་ལྡན་དགོན་པའི་ཆོས་གྲོགས་དང་། ནང་མི་ཉེ་འབྲེལ་ཚོས་ཁ་བཏགས་དང་གོས་ཆེན་འབུལ་ནས་ཕེབས་བསུ་སྣེ་ལེན་བྱས་འདུག
དེ་བཞིན་ཚེས་༥ཉིན་ཁོང་དགོན་པའི་ཉེ་འཁྲིས་སུ་འབྱོར་སྐབས་སེར་སྐྱ་མི་མང་སྟོང་ཕྲག་ལྷག་དང་། དགོན་སྡེ་ཁག་གི་དགེ་འདུན་པ་ལྔ་བརྒྱ་ཙམ་གཞུང་ལམ་གཡས་གཡོན་དུ་རུ་བསྒྲིགས་ཀྱིས་ཕེབས་བསུ་ཞུས་ཡོད་པ་དང་། ད་དུང་རྒྱ་ནག་གཞུང་གིས་ཉེས་མེད་བསྙོན་འཛུགས་བྱས་བ་མཚོན་པའི་འཕྲེད་དར་༼མི་དཀར་དཀར། ཁྲིམས་ནག་ནག༽ཅེས་པའི་མདུན་ཕེབས་བསུའི་སྟོན་མོ་བྱས་བ་དང་། ཁོང་གིས་རང་མི་རིགས་ལ་བཅིང་བའི་ལར་ཞེན་དང་དྲང་བདེན་ལ་ཕྱོགས་པའི་ཆོད་སེམས་སོགས་ལ་རྗེས་སུ་ཡི་རང་དང་དགའ་གུས་མཚོན་པར་བྱས་ཡོད་འདུག
དགུང་ལོ་༣༧ཙམ་གྱི་འཕྲིན་ལས་རྒྱ་མཚོའམ་འཕྲིན་ཁོ་ཁོང་ནི་༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་རྒྱ་ནག་འབྲེལ་ཡོད་ཚན་པས་བོད་མིའི་ཞི་རྒོལ་གྱི་མི་སྣ་གཙོ་གྲས་ཡིན་ཚུལ་གྱིས་ལོ་༢༠༠༨ཟླ་༤ཚེས་༤ཉིན་རྒྱ་གཞུང་ཉེན་རྟོག་པ་མང་པོ་རྟོགས་ལྡན་དགོན་དུ་ཡོང་ནས་འཛིན་བཟུང་དང་། མི་ལོ་བདུན་གྱི་དུས་བཀག་ཁྲིམས་ཐག་བཅད་ནས་ད་བར་བཙོན་འཇུག་བྱས་བ་ཡིན་འདུག
ཁོང་མདོ་སྨད་རྔ་བ་རྫོང་རྔ་སྨད་ཕྱུག་ཚང་ཡུལ་ཚོ་ནས་ཡིན་པ་རེད།
གསར་འགོད་པ་ཀླུ་འབུམ་དང་ཚེ་དབང་དངོས་གྲུབ།