རྒྱ་ནག་གཞུང་གིས་བོད་མིའི་ཁྲག་རིགས་རྒྱུད་རྫས་བསྡུ་ལེན་བྱེད་བཞིན་པར་ཨ་རི་གཙོས་ས་གནས་མང་པོར་ངོ་རྒོལ་ལས་འགུལ་སྤེལ་འདུག

སྤྱི་ཟླ་༢པའི་ཚེས་༡ཉིན་བཞུགས་སྒར་རྡ་རམ་ས་ལའི་མེག་ལོཌ་ཁྲོམ་གཞུང་དུ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཨ་མི་རི་ཀར་རྟེན་གཞི་བྱས་པའི་(Thermo Fisher)་ཚན་རྩལ་ཁེ་གཉེར་ལས་ཁང་གིས་གཞིས་བཞུགས་བོད་མི་ཚོའི་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་ལེན་བྱེད་པའི་ཡོ་ཆས་དེ་བཞིན་རྒྱ་ནག་ལ་མཁོ་ཚོང་བྱེད་ཀྱི་ཡོད་པ་དེ་འཕྲལ་དུ་མཚམས་འཇོག་དགོས་པའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་བཞུགས་སྒར་རྡ་རལ་ས་ལར་སྤེལ་བ་དང་། མཉམ་དུ་པར་རིས་ཀྱི་ལམ་ནས་བོད་ནང་གི་ཁྲག་རིགས་རྒྱུད་རྫས་བསྡུ་ལེན་བྱེད་སྟངས་དང་བཅའ་སྡོད་སློབ་གྲྭ་སོགས་ཀྱི་གནས་སྟངས་ཀྱང་ཐེར་འདོན་འགྲེལ་བརྗོད་བྱས་ཡོད་པ་རེད།
སྐབས་དེར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས། ཨ་རིའི་(Thermo Fisher)་ཚན་རྩལ་ཁེ་གཉེར་ལས་ཁང་གི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོད་བྱེད་རྒྱུ་དང་། ཚན་རྩལ་ཁེ་གཉེར་ལས་ཁང་གི་ཡོ་ཆས་རྣམས་རྒྱ་ནག་ལ་ཕྱིར་ཚོང་བྱ་རྒྱུ་འཕྲལ་དུ་མཚམས་འཇོག་དགོས་པ་རྒྱལ་སྤྱི་ཁྱོན་ཡོངས་ནས་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གནང་སོང་།
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་སྤེལ་བའི་བསྒྲགས་གཏམ་ནང་། རྒྱ་ནག་གཞུང་གིས་བཙན་ཤེད་ཀྱི་ཐོག་ནས་ད་བར་བོད་མི་ས་ཡ་གཅིག་ལྷག་གི་ཁྲག་རིགས་རྒྱུད་རྫས་བླངས་ཡོད་པ་དང་། དེའི་རྗེས་འབྲས་སུ་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་དང་ལྟ་བཤེར་བྱེད་རྒྱུ་སྟབས་བདེ་རུ་ཕྱིན་ཡོད་པ་བརྗོད་འདུག
གཞན་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཨ་མི་རི་ཀའི་ནང་རྟེན་གཞི་བྱས་པའི་(Thermo Fisher)་ཚན་རྩལ་ཁེ་གཉེར་ཁང་གིས་རྒྱ་ནག་ལ་(DNA)ཁྲག་རིགས་རྒྱུད་རྫས་ལེན་བྱེད་ཡོ་ཆས་མཁོ་ཚོང་བྱེད་རྒྱུ་ཕྱིར་འཐེན་བྱེད་དགོས་བའི་དགོས་འདུན་བཏོན་ནས། རྒྱལ་སྤྱིའི་ནང་བདུན་ཕྲག་གཅིག་གི་རིང་ངོ་རྒོལ་སྤེལ་བཞིན་པ་ལྟར། ཕྱི་ཟླ་དང་པོའི་ཚེས་༣༠ཉིན། ཨ་རིའི་ནིའུ་ཇར་སིའི་ལ་ཡོད་པའི་(Thermo Fisher)་ཚན་རྩལ་ཁེ་གཉེར་ཡན་ལག་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།
དེའི་ཐད་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འབྲེལ་མཐུད་པ་བློ་བཟང་ཚེ་བརྟན་ལགས་ཀྱིས་ངོ་སྤྲོད་ཞུས་པའི་ནང་། རྒྱ་ནག་གཞུང་གིས་བོད་ས་ཁྱོན་ཡོངས་སུ་བོད་མིའི་(DNA)ཁྲག་རིགས་རྒྱུད་རྫས་ལེན་བཞིན་ཡོད་པ་དང་། དེའི་ཡོ་ཆས་ནི་ཨ་མི་རི་ཀའི་ནང་རྟེན་གཞི་བྱས་པའི་ཚན་རྩལ་ཁེ་གཉེར་ཁང་གིས་རྒྱ་ནག་ལ་མཁོ་ཚོང་བྱེད་བཞིན་ཡོད་པས། ཨ་རིའི་(Thermo Fisher)་ཚན་རྩལ་ཁེ་གཉེར་ཁང་གིས་རྒྱ་ནག་ལ་ཁྲག་རིགས་རྒྱུད་རྫས་(DNA)་ལེན་བྱེད་ཡོ་ཆས་མཁོ་ཚོང་བྱེད་ཀྱི་ཡོད་པ་འཕྲལ་དུ་མཚམས་འཇོག་དགོས་པ་དང་། ཚན་རྩལ་ཁེ་གཉེར་ཁང་དེས་རྒྱ་ནག་དང་མཉམ་དུ་བཞག་པའི་གན་རྒྱ་ཕྱིར་འཐེན་གནང་དགོས་པའི་འབོད་ཚིག་འཁོད་པའི་སྦྱར་ཡིག་བཟུང་ནས་ངོ་རྒོལ་བྱས་ཡོད་པ་དང་། དེ་འབྲེལ་ཨ་རིའི་ཚན་རྩལ་ཁེ་གཉེར་ཁང་དེའི་སྤྱི་ཁྱབ་འགན་འཛིན་ལ་སྙན་ཞུ་ཕུལ་ཡོད་པ་མ་ཟད། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་འཐུས་མི་རྣམས་ལ་ཡང་རྒྱ་ནག་མཉམ་དུ་ཚོང་ལས་འདི་ཕྱིར་འཐེན་བྱེད་པར་ཚན་རྩལ་ལས་ཁུངས་དེར་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད་འདུག
འབྱུང་འགྱུར་ཨ་རིའི་བྷོ་སི་ཁྲོན་དུ་ཡོད་པའི་ཚན་རྩལ་ཁེ་ལས་ཁང་དེའི་ལས་ཁུངས་གཙོ་བོའི་མདུན་དུ་ངོ་རྒོལ་བྱེད་རྒྱུ་དང་། ལས་ཁུངས་དེར་ཁ་པར་བཏང་ནས་གོང་ཞུས་གནས་སྟངས་སྐོར་ཞུ་རྒྱུ། དྲ་ཐོག་ནས་སྙན་ཞུ་ལ་མཚན་རྟགས་བསྡུ་རུབ་བྱེད་རྒྱུ་སོགས་ཕྱི་ཚེས་༥བར་དམིགས་བསལ་ཀྱི་ལས་འགུལ་འདྲ་མིན་སྤེལ་འཆར་ཡོད་པ་རེད།
ཨ་རིའི་ནང་རྟེན་གཞི་བྱས་པའི་བོད་དོན་ལས་འགུལ་བསྟི་གནས་ཁང་གིས། ༢༠༢༡ལོའི་ལོ་འཇུག་ཏུ་རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་ལ་དམིགས་ནས། བོད་ནང་རྒྱ་ནག་གཞུང་གི་དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་མང་པོ་འཛུགས་བཞིན་པའི་ལས་གཞི་རྒྱ་ཆེ་རུ་གཏོང་བཞིན་པའི་ཉམས་ཞིབ་སྙན་ཐོ་བཏོན་ཡོད་པ་མ་ཟད། ཤོག་གྲངས་༥༩ཡོད་པའི་ཉམས་ཞིབ་སྙན་ཐོ་དེའི་ནང་། བོད་ནང་གི་ཤེས་ཡོན་ལམ་ལུགས་འོག་གི་སློབ་གྲྭ་ཕལ་ཆེ་བ་བཅའ་སྡོད་སློབ་གྲྭ་ཡིན་པ་དང་། རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོར་གཞིགས་ན། བོད་ནང་གི་སློབ་ཕྲུག་ལོ་༦ནས་༡༨བར་གྱི་སློབ་ཕྲུག་བརྒྱ་ཆ་༧༨དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭའི་ནང་གཏན་སྡོད་བྱེད་བཞིན་པ་གསལ་སྟོན་བྱས་འདུག་ལ། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། རྒྱ་ནག་གཞུང་གིས་ཐ་ན་བོད་ནང་ཕྲུག་གུ་ལོ་ན་༥ལ་སོན་པ་ཚོ་རང་ཉིད་ཀྱི་ཕ་མའི་བཀའ་འཁྲོལ་མེད་པར་(DNA)་ལེན་བཞིན་པ་ནི། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འགལ་བ་བསྒྲགས་འདུག
བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་བཀྲིས་དོན་གྲུབ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་བོད་མི་ཚོའི་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་ལེན་བྱས་ཚེ། འབྱུང་འགྱུར་བོད་མིའི་རང་དབང་གི་ཐད་སྔར་ལྷག་ཉེན་ཚབས་ཆེ་རུ་འགྲོ་རྒྱུ་ཡིན་པ་བློ་འཚབ་གནང་གི་འདུག
གསར་འགོད་པ། བློ་བཟང་དགེ་ལེགས། བློ་བཟང་ཆོས་འཕེལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།