བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་པ།

2023.04.08
བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་པ།
ཇོ་ལེབ་ཆོས་འཕེལ།

ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་New York Irish Center ཚོགས་ཁང་དུ་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པའི་མི་གྲངས་༤༥ ལ་བོད་ཀྱི་མདུན་ལམ་འཚོལ་ཞིབ་ཅེས་ཉིན་གྲངས་གཉིས་རིང་ཟབ་སྦྱོང་ཞིག་ཚོགས་བཞིན་ཡོད་པ་དང་། ཟབ་སྦྱོང་འདིའི་ཐོག་ད་ལྟའི་བོད་ཀྱི་གནས་བབས་དང་འབྲེལ་བའི་གཞོན་སྐྱེས་ཚོས་བོད་དོན་ཐད་འགན་འཁུར་བླང་སྟངས་སོགས་ཀྱི་ཐད་གཏམ་བཤད་དང་། ཚོགས་ཞུགས་པ་ནང་ཁུལ་ལ་བགྲོ་གླེང་གནང་ཡོད་པ་རེད།
དེ་ཡང་ཕྱི་ཟླ་ ༤ ཚེས་ ༨ ཉིན་གྱི་སྔ་དྲོའི་ཚོགས་ཐུན་དང་པོའི་སྐབས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་དྲ་ལམ་བརྒྱུད་ནས་ཨ་རིའི་གཞུང་གིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་བྱུང་རིམ་ངོ་སྤྲོད་དང་འབྲེལ་ནས། ཨ་རིའི་ནང་གི་བོད་རིགས་གཞོན་སྐྱེས་ཚོས་མ་འོངས་པར་ཆབ་སྲིད་ཀྱི་འགན་འཁུར་ལེན་སྟངས་དང་། བོད་དོན་ཐད་ཞབས་འདེགས་ཞུ་སྟངས་སྐོར་གཏམ་བཤད་ནས་གནང་ཞིང་། དེ་བཞིན་ཁོ་ལིམ་བྷི་ཡ་གཙུག་ལག་སློབ་ཆེན་དུ་སྤྱི་ཚོགས་སྲིད་བྱུས་ཐད་ཉམས་ཞིབ་པ་ཚེ་དབང་རིག་འཛིན་ལགས་ཀྱིས་༧ གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མི་མང་བར་གྱི་འབྲེལ་ལམ་དང་། འདས་མ་འོངས་ད་ལྟ་གསུམ་གྱི་བོད་ཀྱི་གནས་སྟངས་སྐོར་དང་འབྲེལ་ནས་གཏམ་བཤད་གནང་བ་དང་། དེ་བཞིན་གཞོན་སྐྱེས་བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་ཀྱིས་གཞོན་སྐྱེས་ཚོས་བོད་དོན་ཐད་འགན་འཁུར་ལེན་སྟངས་ཐོག་གཏམ་བཤད་གནང་སོང་།
དེ་བཞིན་ཁ་ན་ཌའི་གྲོས་ཚོགས་འཐུས་མི་དཀར་པོ་ཆེ་བུ་འཁྲིད་ལགས་ཀྱིས་དྲ་ལམ་བརྒྱུད་ནས་གཞོན་སྐྱེས་ཚོ་ལ་གཏམ་བཤད་བཅས་གནང་ཡོད་པ་རེད།
ཚོགས་འདུ་འདི་ནིའུ་ཡོག་ལ་གོ་སྒྲིག་ཞུ་མཁན་བཀྲ་ཤིས་ལམ་བཟང་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་དོན་ལྟར་ན། ད་ཐེངས་གཞོན་སྐྱེས་ཚོར་དམིགས་ནས་གཏམ་བཤད་གནང་མཁན་ཚོས་དབྱིན་སྐད་དུ་གཏམ་བཤད་གནང་གི་ཡོད་པའི་སྐོར་བཅས་འགྲེལ་བརྗོད་གནང་སོང་།
བོད་ཀྱི་མདུན་ལམ་གྱི་ཚོགས་འདུ་ཐེངས་དང་པོ་སྔ་ལོ་ཨ་རིའི་རྒྱལ་སར་ཚོགས་ཡོད་པ་དང་། དེ་ནས་ཐེངས་གཉིས་པ་དེ་སྥ་རིན་སིའི་རྒྱལ་ས་སྤེ་རིསི་ནང་ཚོགས་གནང་ཡོད་པ་བཞིན། ཐེངས་གསུམ་པ་འདི་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཚོགས་གནང་ཡོད་པ་རེད།
གསར་འགོད་པ། ཆོས་འཕེལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎