བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པའི་སྟེང་ཕྱོགས་མཐའ་ཁག་གི་ལྷ་མོ་ཚོགས་པ་ཁག་ ༡༢ མཉམ་ཞུགས་གནང་འདུག
བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་ནང་གི་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ དེ་བཞིན། སྤྱི་ཟླ་ ༤ པའི་ཚེས་ ༡༠ ནས་འགོ་འཛུགས་ཀྱིས་ཉིན་གྲངས་ ༡༣ ཉིན་གནང་གི་ཡོད་པ་དང་། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས། ཞོ་སྟོན་དབུ་འབྱེད་ཀྱི་མཛད་སྒོའི་སྟེང་ཐེངས་འདིའི་ཞོ་སྟོན་རྒྱས་པ་འདིར། ཕྱོགས་མཐའ་ཁག་གི་ལྷ་མོ་ཚོགས་པ་མི་འདྲ་བ་ ༡༢ མཉམ་ཞུགས་གནང་སྟེ་རྣམ་ཐར་འཁྲབ་སྟོན་གནང་རྒྱུ་ཡིན་པ་ནི། ད་བར་བོད་ཀྱི་ཞོ་སྟོན་དུ་ལྷ་མོ་ཚོགས་པ་མང་ཤོས་འདུ་འཛོམས་གནང་བ་ཆགས་ཡོད་པ་དང་། བོད་གཞིས་བྱེས་གཉིས་སུ་བོད་ཀྱི་ལྷ་མོའི་སྒྱུ་རྩལ་དང་སྲོལ་རྒྱུན་བོད་ཀྱི་ཟློས་གར་སྒྱུ་རྩལ། བོད་ཀྱི་རིག་གཞུང་བྱ་གཞག་གི་ཐད་མི་ཚེ་གང་བོར་ལེགས་སྐྱེས་ཕུལ་མཁན་འདས་གསོན་ཡོངས་ལ་བཀའ་དྲིན་རྗེས་དྲན་གནང་གི་ཡོད་པ་གསལ་སྟོན་གནང་གི་འདུག
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པའི་ཐོག་སྐུ་མགྲོན་གཙོ་བོར་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་ཆེད་དུ་གདན་འདྲེན་ཞུས་ཡོད་པས། ལྷ་མོའི་སྒྱུ་རྩལ་ནི་བོད་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་རིག་གཞུང་ཞིག་ཡིན་པར་བརྟེན། རིག་གཞུང་དེ་མི་ཐོག་ནས་མི་ཐོག་རྒྱུན་གནས་ཐུབ་རྒྱུ་དེ་ཧ་ཅང་གལ་ཆེན་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
བྱང་ཨ་མི་རི་ཀའི་ཁ་ན་ཌ་རྒྱལ་ཁབ་ནས་ཆེད་དུ་ལྕགས་ཟམ་པ་ལྷ་ཚོགས་སུ་ཞུགས་ཏེ་ཡོང་བ་དང་། ཆུང་དུས་དགུང་ལོ་ ༡༡ ཙམ་ནས་ཟློས་གར་དུ་འཛུལ་ནས་ལྷ་མོ་འཁྲབ་སྟོན་སྦྱངས་པ་དང་། རྒྱ་གར་ནང་དུའང་ལྷ་མོ་འཁྲབ་སྟོན་པ་ཐོག་མའི་གྲས་སུ་ཞུགས་པ་ཕུར་བུ་ཚེ་རིང་ལགས་ནས། ལྷ་མོ་ཚོགས་པ་ཚང་མར་མི་མང་གིས་རྒྱབ་སྐྱོར་དང་གཞོན་སྐྱེས་ཚོ་མཉམ་ཞུགས་མེད་པའི་དཀའ་ངལ་ཡོད་པར་བརྟེན། ཚང་མ་མཉམ་ཞུགས་དང་རོགས་རམ་གནང་རོགས་ཀྱི་འབོད་སྐུལ་གནང་གི་འདུག
མ་སུ་རི་བོད་ཁྱིམ་གྱི་བསྟན་འཛིན་ཆོས་ལྡན་ལགས་ནས་༸གོང་ས་མཆོག་གིས་བཀའ་ཕེབས་བཞིན། ལྷ་མོའི་འཁྲབ་གཞུང་ནི་སོ་སོའི་ངོས་ནས་ཧ་ཅང་གལ་ཆེན་དུ་མཐོང་གི་ཡོད་པས། རྒྱ་གར་ནང་ང་ཚོས་བོད་ཀྱི་རིག་གཞུང་སྐྱོབ་ཐུབ་ན་དེ་ལས་བསོད་ནམས་ཆེན་པོ་གང་ན་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
གཟིགས་མོ་བ་བྷན་ངྷི་ར་ནོར་རྒྱས་གླིང་གི་ཆོས་རྒྱ་མཚོ་ལགས་ནས། ཕྱོགས་མཐའ་ཁག་གི་ལྷ་མོ་དང་སློབ་གྲྭའི་དགེ་རྒན་ཚོས་འགན་ཁུར་ཏེ་སློབ་ཕྲུག་ཚོར་བསླབ་གནང་གི་ཡོད་པས། གཞོན་སྐྱེས་ཚོས་ལྷ་མོ་འཁྲབ་གཞུང་ལ་དང་དོད་གནང་གི་ཡོད་པར་ཧ་ཅང་དགའ་སྤྲོ་བྱུང་བ་འགྲེལ་བརྗོད་གནང་སོང་།
ཡོངས་གྲགས་བོད་ཀྱི་ནང་ཆོས་དང་འབྲེལ་བའི་རྣམ་ཐར་ཆེན་པོ་བརྒྱད་འཁྲབ་སྟོན་གྱི་ལྷ་མོའི་འཁྲབ་གཞུང་ནི། སྤྱི་ལོའི་དུས་རབས་བཅུ་བཞི་བའི་ནང་བོད་ཀྱི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ནས་དར་སྲོལ་བྱུང་བ་ཞིག་དང་། ཡོངས་གྲགས་འབྲས་སྤུངས་ཞོ་སྟོན་ནི། བོད་ནང་གདན་ས་སེ་འབྲས་དགེ་གསུམ་དབྱར་གནས་ཚུགས་པའི་སྐབས། སྦྱིན་བདག་རྣམས་ཀྱིས་ཞོ་ཡི་སྟོན་མོ་འབྱེད་པས་ན་ཞོ་སྟོན་དུ་འབོད་པ་དང་། དུས་རབས་བཅུ་བདུན་པའི་ནང་༸རྒྱལ་དབང་ལྔ་བ་ཆེན་མོས་བོད་ཀྱི་ལུགས་གཉིས་ཐུགས་འགན་བཞེས་སྐབས་སུ། བོད་ཟླ་དྲུག་པའི་གནམ་གང་ཞོ་སྟོན་གྱི་ཉིན་མོར། བཀྲ་ཤིས་ཞོལ་པ་དང་བྲོ་པ། ཤེལ་རོང་འབྲོང་རྩེད་པ་བཅས་འབྲས་སྤུངས་སུ་ཡོང་ནས། དགའ་ལྡན་ཕོ་བྲང་གི་མདུན་ངོས་སུ་ལྷ་མོའི་འཁྲབ་སྟོན་གཟིགས་མོ་འབུལ་སྲོལ་དར་ཡོད་པ་དང་། ༸རྒྱལ་དབང་བཅུ་གསུམ་པའི་རིང་ཞོ་སྟོན་སྐབས་ལྷ་མོའི་ཚོགས་པ་ཡོངས་རྫོགས་བསྐོང་འགུགས་གནང་སྟེ། ནོར་བུ་གླིང་ཁར་ལྷ་མོ་གཟིགས་འབུལ་གྱི་དར་སྲོལ་བྱུང་ཡོད་ཅིང་། བཙན་བྱོལ་ནང་༸གོང་ས་མཆོག་གིས་བཀའ་ཕེབས་དགོངས་དོན་བཞིན། སྤྱི་ལོ་ ༡༩༩༣ ལོར་བོད་ཀྱི་ཞོ་སྟོན་ཐོག་མར་སྲུང་བརྩི་ཞུས་ཏེ་ལྷ་མོ་ཚོགས་པ་ཁག་འདྲ་མིན་གྱིས་འཁྲབ་གཞུང་འཁྲབ་སྟོན་གྱི་དར་སྲོལ་བྱུང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།