སོ་མ་ར་ཛའི་ཐད་བཀའ་ལན་གནང་།
2013.10.16

༧གོང་ས་མཆོག་གིས་སོ་མ་ར་ཛ་སྨན་བཅོས་ཀྱི་ཆེད་བཟི་སྨན་བེད་སྤྱོད་བྱ་རྒྱུ་དེ་ནི་དམིགས་བསལ་ཞིག་ཡིན་པས་རྒྱབ་སྐྱོར་གནང་གི་ཡོད་ཀྱང་དེ་མིན་གང་བྱུང་བེད་སྤྱོད་བྱ་རྒྱུ་ནི་ཡག་པོ་རྩ་བ་ནས་མིན་པ་གསུངས་འདུག
དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་༡༢ནས་བྱང་ཨ་མི་རི་ཀའི་གླིང་ཕྲན་ཡུལ་གྲུ་མེག་སེ་ཀོ་རྒྱལ་ནང་དུ་མཛད་འཕྲིན་ཁག་བསྐྱངས་བཞིན་པ་ལྟར། ཕྱི་ཚེས་༡༥གཟའ་མིག་དམར་ཉིན་བཞུགས་བཞག་གཅིག་རིང་མེག་སི་ཁོའོ་གྲོང་ཁྱེར་ལིའུ་ནང་མཛད་འཕྲིན་བསྐྱངས་གནང་མཛད་པའི་ནང་མེག་སེ་ཁོའོ་ཡི་སྲིད་འཛིན་ཟུར་པ་Vicente Fox ཡིས་གཙོ་སྐྱོང་གནང་བའི་སོ་མ་ར་ཛ་Marijuanaསྨན་བཅོས་ཆེད་བཟི་སྨན་བེད་སྤྱོད་བྱ་རྒྱུ་ཁྲིམས་མཐུན་དགོས་མིན་གྱི་རྩོད་བསྡུར་ཞིག་གི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཞབས་སོར་འཁོད་གནང་མཛད་ཏེ་སོ་མ་ར་ཛ་སྨན་བཅོས་ཆེད་བཟི་སྨན་བེད་སྤྱོད་བྱ་རྒྱུ་ཁྲིམས་མཐུན་བཟོ་དགོས་མིན་ཐོག་༧གོང་ས་མཆོག་ལ་བཀའ་དྲི་ཞུས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། སྨན་བཅོས་ཀྱི་ཆེད་སོ་མ་ར་ཛ་བཟི་སྨན་ལ་བེད་སྤྱོད་བྱ་རྒྱུ་དེ་ནི་དམིགས་བསལ་ཞིག་ཡིན་པར་བརྟེན་དེར་རྒྱབ་སྐྱོར་གནང་གི་ཡོད། ཡིན་ན་ཡང་སོ་མ་ར་ཛ་གང་བྱུང་བེད་སྤྱོད་བྱ་རྒྱུ་དེ་ནི་ཡག་པོ་རྩ་བ་ནས་མིན་པ་བཀའ་ལན་བསྩལ་འདུག དེ་བཞིན་གྲོང་ཁྱེར་ལིའུ་ནང་༧གོང་ས་མཆོག་ནས་སྔ་དྲོ་གྲོང་ཁྱེར་དེའི་ནང་རྟེན་གཞི་བྱས་པའི་སྲིད་འཛིན་ཟུར་པ་མཆོག་གི་ལྟེ་གནས་ཁང་དུ་གཟིགས་སྐོར་དང་མང་ཚོགས་ལྔ་སྟོང་ལྷག་ཙམ་ལ་བྱམས་བརྩེ་ལག་བསྟར་གནང་ཕྱོགས་སྐོར་བརྗོད་གཞིའི་ཐོག་ནས་བཀའ་སློབ་སྩལ་ཡོད་པ་དང་། དེའི་སྐབས་ ༧གོང་ས་མཆོག་ནས་དེང་སྐབས་གཞོན་སྐྱེས་ཚོས་ཤེས་ཡོན་སློབ་གསོའི་ཁྲོད་ཕྱིའི་རྣམ་པ་གཅིག་པུ་མིན་པར་ནང་སེམས་ཀྱི་སློབ་གསོ་རྒྱབ་སྟངས་སློབ་ཁྲིད་བྱ་རྒྱུ་དེ་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན་པའི་སྐོར་བཀའ་གནང་འདུག
ཕྱི་ཚེས་༡༧ཉིན་༧གོང་ས་མཆོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཞབས་སོར་འཁོད་གནང་མཛད་ཀྱི་ཡོད་འདུག