༸གོང་ས་མཆོག་གི་ལ་དྭགས་ཁུལ་གྱི་མཛད་འཕྲིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡར་མ་མགོན་པོའི་དགོན་པར་ཞབས་སོར་འཁོད་གནང་མཛད་ཡོད་པ་རེད།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་ ལ་དྭགས་ཁུལ་དུ་ཉིན་གྲངས་དགུའི་རིང་ཆོས་འབྲེལ་མཛད་འཆར་བསྐྱངས་གནང་མཛད་བཞིན་པ་ལྟར། ཕྱི་ཚེས་༢༣ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ལྡུམ་ར་བསམ་གཏན་གླིང་དུ་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། བསམ་གཏན་དགོན་པ་ནས་རྒྱང་ཐག་ཀི་ལོ་མི་ཊར་༦༥སར་ཡོད་པའི་ཡར་མ་མགོན་པོའི་དགོན་པར་ཞབས་སོར་འཁོད་གནང་མཛད་ཡོད་པ་རེད།

༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་བཞུགས་གནས་ཕོ་བྲང་གསར་བཞེངས་ཞུས་པ་དེ་དག་དབུ་འབྱེད་རབ་གནས་གནང་ཡོད་པ་དང༌། དེ་རྗེས་དད་ལྡན་ཆོས་ཞུ་བ་བདུན་སྟོང་ལྷག་ཙམ་ལ་ རྡོ་རྗེ་ཅོད་པའི་ལྗགས་ལུང་དང་བླང་དོར་བཀའ་སློབ་ཟབ་མོ་བསྩལ་གནང་མཛད་འདུག།

ཡར་མ་མགོན་པོའི་དགོན་པ་དེ་བཞིན་ལོ་རྒྱུས་ཀྱི་ཐོག་ནས་ ལ་དྭགས་ཁུལ་གྱི་རྩ་ཆེའི་དགོན་པ་ཞིག་ཡིན་པ་དང༌། སྔོན་རྒྱལ་བ་རྒོད་ཚང་པའི་བུ་སློབ་སོགས་ཀྱིས་ དད་ཅན་གནས་སྐོར་བ་ཚོར་ཟས་གོས་གནས་མལ་སོགས་ཀྱི་རོགས་རམ་དང་། རྒྱུན་དུ་ཆོས་ཕྱོགས་ཀྱི་ཆོ་ག་ཉམས་ལེན་གནང་རྒྱུའི་ཆེད་དུ་ཕྱག་བཏབ་གནང་ཡོད་པ་རེད།

རྒྱལ་བ་རྒོད་ཚང་པས་གནས་སྐོར་བའི་ཆེད་ སྟོད་གངས་རིན་པོ་ཆེར་བསྐོར་བ་གསག་སའི་སྐོར་ལམ་གཏན་འབེབས་གནང་ཡོད་པ་དང༌། ཁོང་གིས་ས་གནས་མང་པོར་གྲུབ་པ་སྐྱོན་པ་དང་རྫུ་འཕྲུལ་སོགས་མང་པོ་བསྟེན་གནང་བའི་ལོ་རྒྱུས་ཡོད་ཅིང༌། དེང་སང་འང་ཁོང་སྒྲུབ་པ་སྐྱོན་སའི་བྲག་ཕུག་དེ་ཚོའི་ནང་ཁོང་གི་ཞབས་རྗེས་དང་ཕྱག་རྗེས། དབུ་རྗེས་སོགས་མཇལ་རྒྱུ་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org