ཡོ་རོབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐོར།

༸གོང་ས་མཆོག་གིས་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་ནང་དུ་ཡོད་པའི་བོད་ཀྱི་གཞོན་ནུའི་ཚོགས་ཆེན་ཐེངས་དང་པོའི་ཐོག་བཀའ་སློབ་བསྩལ་རྒྱུ།

2010.01.15

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་བཞི་པའི་ནང་སུད་ཛ་ལན་དུ་ཆིབས་བསྒྱུར་གྱིས་སུད་སི་གྲོང་ཁྱེར་ཛུའུ་རིཁ་ནང་ཚོགས་རྒྱུའི་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་ནང་དུ་ཡོད་པའི་བོད་ཀྱི་གཞོན་ནུའི་ཚོགས་ཆེན་ཐེངས་དང་པོའི་ཐོག་བཀའ་སློབ་བསྩལ་རྒྱུའི་མཛད་འཆར་ཡོད་པའི་སྐོར་དེ་རིང་ཕ་ཡུལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག

དེ་ཡང་ཡོ་རོབ་ཁུལ་དུ་བོད་ཀྱི་གཞོན་ནུ་མཉམ་འབྲེལ་མཐུན་ཚོགས་གསར་འཛུགས་གནང་སྟེ་མི་ལོ་བཞི་བཅུ་འཁོར་བའི་དྲན་གསོའི་དུས་དྲན་སྲུང་བརྩི་ཞུ་བའི་དུས་ཚོད་དང་སྟབས་བསྟུན་ང་ཚོ་བོད་པ་ཡིན་ཞེས་པའི་བརྗོད་གཞིའི་ཐོག་ཕྱི་ཟླ་བཞི་པའི་ཚེས་༩ནས་༡༡་བར་ཉིན་གྲངས་གསུམ་རིང་ཡོ་རོབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོ་སྐོང་ཚོགས་གནང་རྒྱུའི་གོ་སྒྲིག་གནང་རྒྱུ་ཡིན་ཞིང། ལྷན་ཚོགས་དེ་གོ་སྒྲིག་གནང་མཁན་གྱིས་གསུངས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བཞི་པའི་ཚེས་༡༠ཉིན་ལྷན་ཚོགས་ཐོག་ཆིབས་བསྒྱུར་བསྐྱང་གནང་རྒྱུ་མ་ཟད། བཀའ་སློབ་གནང་རྒྱུ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་གལ་ཆེ་བ་ཁག་ལྔ་དགོངས་སྐོར་ཞུ་རྒྱུའི་གོ་སྒྲིག་ཞུ་རྒྱུ་ཡིན་པ་གསུངས་ཡོད་པ་རེད། ལྷག་པར་དུ་ལྷན་ཚོགས་གོ་སྒྲིག་གནང་མཁན་གྱི་ངོས་ནས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷན་ཚོགས་ཐོག་ཆིབས་བསྒྱུར་གནང་རྒྱུ་དང་བཀའ་སློབ་གནང་རྒྱུའི་ཞལ་བཞེས་ཐོབ་པ་དེ་ནི་ཧ་ཅང་གི་སྐལ་བ་བཟང་པོའི་གོ་སྐབས་ཤིག་ཡིན་པ་ངོས་འཛིན་ཞུ་གི་ཡོད་ཅེས་གསུངས་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་ཞུ་རྒྱུའི་འདྲི་བ་རྣམས་ད་ལྟ་ནས་ལྷན་ཚོགས་དེའི་ནང་ཚོགས་ཞུགས་གནང་མཁན་གྱི་གཞོན་ནུ་ཚོས་གོ་སྒྲིག་ཚོགས་ཆུང་ལ་སོ་སོའི་དྲི་བའི་སྙན་ཞུ་ཕུལ་དགོས་པ་དང། དེ་ནས་དྲི་བ་ལྔ་འདེམས་ཐོན་བྱས་ཏེ་དྲི་བ་ལྔ་པོ་དེ་མཐའ་མའི་བཀའ་འདྲི་ཞུ་ཡུལ་དུ་ཐག་གཅོད་ཡོང་རྒྱུ་དྲ་རྒྱ་བརྒྱུད་དེ་མི་དམངས་ཀྱིས་འོས་འཕེན་གྱི་ལམ་ནས་ཐག་གཅོད་བྱ་རྒྱུ་ཡིན་པ་རེད། ལྷན་ཚོགས་དེའི་ནང་ཚོགས་ཞུགས་གནང་མཁན་ཡོ་རོབ་བོད་མི་གཞོན་སྐྱེས་ལོ་ན་༡༦ནས་༤༠བར་མཉམ་ཞུགས་གནང་རྒྱུ་དང། ཁོང་ཚོས་ཡོ་རོབ་རྒྱལ་ཁབ་ཀྱི་སོ་སོའི་རྒྱལ་ནང་གི་གནད་དོན་དང། ཕྱི་འབྲེལ་སྲིད་ཇུས། དམིགས་བསལ་བོད་རང་བཙན་གྱི་ཐབས་ལམ་གསར་པ་འཚོལ་གྲུབ་བྱ་ཕྱོགས་ཐོག་གྲོས་བསྡུར་བྱ་རྒྱུ། གཞན་ཡང་ཕྱི་ལོ་༢༠༡༡ བཀའ་བློན་ཁྲི་པའི་འོས་བསྡུའི་སྐོར་སོགས་ལ་གྲོས་བསྡུར་དང། བཀའ་བློན་ཁྲི་པའི་འོས་མི་དང་གྲོས་ཚོགས་ཀྱི་འོས་མིའི་ནང་བཞེངས་མཁན་ཚོར་བཀའ་འདྲི་ཞུ་རྒྱུ་སོགས་ཀྱི་ལས་རིམ་གོ་སྒྲིག་གནང་རྒྱུའི་འཆར་གཞི་ཡོད་པ་རེད།། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎