༧གོང་ས་མཆོག་གིས་སློབ་ཕྲུག་ཚོར་བསྩལ་བའི་བཀའ་སློབ།
2011.10.31
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཕྱོགས་ཀྱི་གྲོང་ཁྱེར་རྡེ་ར་རྡུན་ནང་གི་སྙན་གྲགས་ལྡན་པའི་སློབ་གྲ་དྲུན་(DOON SCHOOL)དེ་ཉིད་དབུ་བརྙེས་ནས་ལོ་ ༧༦ འཁོར་བའི་རྟེན་འབྲེལ་མཛད་སྒོར་གསུང་བཤད་གཙོ་བོ་གནང་སྐབས་ སློབ་གྲའི་སློབ་ཕྲུག་ཚོའི་ངོས་ནས་ ༸གོང་ས་མཆོག་ལ་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་སྩལ་གནང་ཡོད་པ་རེད་ གོ་སྐབས་དེ་བཟུང་སྟེ་ རྒྱ་གར་ནང་ཁྱབ་གདལ་འགྲོ་བའི་ལྐོག་བཟའ་རུལ་སུངས་ཀྱི་བྱ་སྤྱོད་ལ་་འགོག་རྒོལ་གནང་མཁན་ཨ་ན་ཧ་ཛ་རེའི་ལས་འགུལ་ལ་༸གོང་ས་མཆོག་གིས་རྒྱབ་སྐྱོར་གནང་གི་ཡོད་དམ་ཞེས་སློབ་ཕྲུག་གཅིག་གིས་བཀའ་འདྲི་ཞུས་ཡོད་པ་རེད་ དེའི་བཀའ་ལན་དུ་༸གོང་ས་མཆོག་གིས་ ངོས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ ལྐོག་ཟ་རུལ་སུངས་ནི་ ཤིན་ཏུ་ཚབས་ཆེའི་དཀའ་རྙོག་ཅིག་རེད་ བྱ་་སྤྱོད་དེ་ནི་མི་ཡིས་ཡང་དག་པ་མ་ཡིན་པའི་ སོ་སོའི་རྨི་ལམ་དེ་དག་འཚེ་བའི་ལམ་ནས་གྲུབ་ཐབས་བྱེད་པའི་རྣམ་པ་ཞིག་ཀྱང་རེད་ཅེས་གསུང་གནང་ཡོད་པ་རེད་ སྐབས་དེར་ ༸གོང་ས་མཆོག་གིས་རྒྱ་ནག་ལ་སོགས་པའི་རྒྱལ་ཁབ་འགའ་ཞིག་གིས་ཀྱང་ལྐོག་ཟ་རུལ་སུངས་དང་དྲང་བདེན་དང་ ཡ་རབས་བཟང་སྤྱོད་ཐད་ལ་དོ་སྣང་དང་འགན་འཁུར་ལེན་རྒྱུའི་ཚབ་ཏུ་སྣང་ཆུང་གཏོང་གི་ཡོག་རེད་ ཡིན་ནའང་རྒྱ་གར་བ་ཚོས་འཚེ་བ་མེད་པ་དང་དྲང་བདེན་ཅན་གྱི་སེམས་དཔའ་ཆེན་པོ་རྒན་རྡིའི་ལམ་ཁར་བསྐྱོད་དེ་རྒྱ་གར་དེ་བཞིན་ཡར་རྒྱས་ཀྱི་འབོད་སྒྲ་སྒྲོགས་ཤིང་འབྱོར་ལྡན་ཅན་དུ་བསྒྱུར་ཐབས་བྱེད་དགོས་ཞེས་བཀའ་སློབ་ལམ་སྟོན་ཡང་སྩལ་གནང་ཡོད་པ་རེད།