༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་སྲོལ་ཐོག་ནས་མི་མང་ནས་ཐད་ཀར་འོས་འདེམས་བྱེད་པའི་ཆབ་སྲིད་ལམ་སྲོལ་དགོས་གལ་བཀའ་སློབ་ཟབ་མོ་བསྩལ་བའི་བརྙན་འཕྲིན་ཞིག་བཞུགས་སྒར་ཁུལ་དུ་གནས་སྡོད་བོད་རིགས་ཚོར་མིག་སྟོན་གནང་འདུག
རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཞབས་སོར་འཁོད་མ་ཐག་དུས་བསྟུན་མང་གཙོའི་ལམ་སྲོལ་གྱི་གནང་བ་ལྟར་བཙན་བྱོལ་སྤྱི་ཚོགས་ནང་མང་གཙོའི་ཀ་བ་གསུམ་ལྡན་གྱི་བཙན་བྱོལ་སྲིད་གཞུང་ཚུགས་ཡོད་པ་དེ་ལྟར་ཡང་ཕྱི་ལོ་ཉིས་སྟོང་གཅིག་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་བཞིན་སླར་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་སྟེ་བཀའ་བློན་ཁྲི་པ་བཙན་བྱོལ་རྒྱ་ཆེའི་མི་མང་ནས་ཐད་ཀར་འོས་འདེམས་གནང་རྒྱུའི་སྒྲིག་གཞི་གསར་དུ་བསྣན་ཡོད་ཅིང་མི་མང་ནས་ཐད་ཀར་འོས་འདེམས་གནང་བའི་བཀའ་བློན་ཁྲི་པ་མཆོག་གིས་གཞུང་གི་འཛིན་སྐྱོང་གི་བྱེད་སྒོ་རྣམས་དབང་ལུང་སྒྱུར་བཞིན་ཡོད་པ་རེད། ལྷག་པར་དུ་༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོལ་གྱིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་མཛད་འགན་བདག་གིས་བཞེས་པ་དེ་ལྟར་ཡང་བར་ལམ་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་མཐོ་ཤོས་མི་མང་ནས་ཐད་ཀར་འོས་འདེམས་བགྱིས་པའི་བཀའ་བློན་ཁྲི་པ་རེད་ཅེས་༸གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ལན་གཅིག་མིན་པར་ལན་མང་བཀའ་གནང་ཡོད་པ་མ་ཟད་རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་ལམ་ལུགས་བརྒྱུད་འཛིན་བྱེད་མིན་ཡང་རྒྱ་ཆེའི་བོད་མི་མང་གི་འདོད་པར་རག་ལུས་པ་མ་ཟད་ཐག་གཅོད་བྱེད་དགོས་པའི་བཀའ་སློབ་སྔ་རྗེས་ཕེབས་ཡོད་པ་རེད། མདོ་དོན་བོད་མིའི་ཆོས་དང་རིག་གཞུང་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོའི་ལས་དོན་རླབས་པོ་ཆེ་རྒྱུན་སྲིང་རྒྱུར་མང་གཙོའི་ལམ་སྲོལ་སྲ་བརྟན་དགོས་གལ་ཆེ་བ་ནི་བཀའ་སློབ་ཀྱི་སྙིང་དོན་ཡིན་པ་རེད༎