༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ནང་། རྒྱལ་སྤྱིའི་མ་དར་ཀྲེ་རེ་སེ་དམ་པའི་བྱམས་བརྩེའི་གཟེངས་རྟགས་འབུལ་བཞེས་གནང་ཡོད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་དྲུག་ནས་བཟུང་འདི་ག་རྒྱལ་སའི་མངའ་ཁུལ་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་རྩལ་གནང་བཞིན་ཡོད་པ་དང་། དབང་ཆེན་གྱི་བར་སེང་སྐབས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་གཞན་ཡང་གནད་ཡོད་དཔོན་རིགས་མང་པོ་ཞིག་མཇལ་འཕྲད་གནང་རྒྱུ། དེ་དང་ཕྱོགས་མཚུངས་གསར་འགྱུར་ལས་ཁང་ཁག་ནས་བཅར་འདྲི་དང་ལན་གྱི་གནང་རྒྱུ་སོགས་མཛད་རིམ་མང་པོ་ཞིག་ཀྱང་ཡོད་པ་རེད།
ཁ་ས་ཚེས་བཅུ་གསུམ་ཉིན་ཨ་རིའི་གྲོས་ཚོགས་ནང་། Cariing Institute ཞེས་ཡེ་ཤུའི་བཙུན་མ་མ་དར་ཀྲེ་རེ་སེའི་རྗེས་དྲན་གཟེངས་རྟགས་དེ་བཞིན་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་སྐུ་ཞབས་བྷོབ་དྲོལ་མཆོག་དང་། ཀྲོམ་དྲེ་ལེ་རྣམ་གཉིས་ནས་འབུལ་བཞེས་གནང་ཡོད་པ་དང་། མཛད་སྒོའི་སྐབས་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་དྲོལ་མཆོག་ནས། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་མི་ཚང་མར་བྱམས་བརྩེའི་སྐུལ་སློང་གནང་མཁན་ཞིག་དང་། ལྷག་པར་དུ་སྐུ་ཉིད་ནས་སྐུ་ཚེ་ཧྲིལ་བུ་བྱམས་པ་དང་བརྩེ་བའི་སྐུལ་སློང་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་གནང་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པ་ནི་ཡོངས་གྲགས་རེད་ལ་གཟེངས་རྟག་འདི་བཞིན་ད་རེས་སྐུ་ཉིད་ལ་འབུལ་རྒྱུ་འོས་ཤིང་འཚམས་པ་ཞིག་རེད་ཅེས་ཆེ་བསྟོད་ཞུས་ཡོད་པ;་རེད། གཟེངས་རྟག་འདི་བཞིན་འཛམ་གླིང་ནང་སྤྱི་ཚོགས་ཞབས་ཞུ་གཟེངས་སུ་ཐོན་པ་གནང་མཁན་རྣམས་ལ་ཕུལ་སྲོལ་ཡོད་པ་ཞིག་ཡིན་པ་དང་། དེ་སྔ་ཨ་རིའི་གྲོས་ཚོགས་འཐུས་མི་དམ་པ་ཨེདྲ་ ཀེ་ནི་དྲི་མཆོག་དང་། མ་དར་ཀྲེ་རེ་ས་བཅས་པར་ཕུལ་མྱོང་ཡོད་པ་རེད། ཁ་སའི་མཛད་རིམ་ནང་། ༧གོང་ས་མཆོག་ནས་ཨ་རིའི་ཕྱི་སྲིད་ལས་དོན་ཚན་པའི་འཐུས་མི་རྣམས་དང་མཇལ་འཕྲད་གནང་བས་མ་ཟད་ཁོང་རྣམས་ནས་༧གོང་ས་མཆོག་ལ་ཆེ་བསྟོད་ཞུས་ཡོད་པ་རེད།