༸གོང་ས་མཆོག་དགུང་གྲངས་༧༣ལ་ཕེབས་པའི་འཁྲུངས་སྐར།
2008.07.07
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༣ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་བཙན་བྱོལ་བོད་གཞུང་བཀའ་ཤག་དང་སྤྱི་མཐུས་ལྷན་ཁང་གིས་གསུང་བཤད་གནང་བའི་ནང་བོད་མི་རྣམས་ནས་རྒྱ་བོད་དཀའ་རྙོག་སེལ་རྒྱུའི་དབུ་མའི་ལམ་གྱི་སྲིད་བྱུས་དེར་ཆོད་སེམས་གཏན་པོ་ཡོད་སྐོར་གསུང་ཡོད་པ་རེད་
བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལམ་དབུ་མའི་མཛད་བྱུས་དེ་དོན་འཁྱོལ་ཡོང་རྒྱུར་བོད་མི་དང་བོད་དོན་རྒྱབ་བསྐྱོར་གནང་མཁན་ཚོགས་པ་ཁག་གིས་ལས་འགུལ་ཇི་སྤེལ་འཚེ་མེད་ཞི་བའི་ལྟ་གྲུབ་དང་༸གོང་ས་མཆོག་གི་བཀའ་དགོངས་གཞི་བཟུང་ལག་བསྟར་གནང་དགོས་སྐོར་གསུང་འདུག
བཀའ་བློན་ཁྲི་པ་མཆོག་གིས་ཉེ་ཆར་རྒྱ་བོད་དབར་གྱི་འབྲེལ་མོལ་ཐེངས་བདུན་པ་དེ་བཙན་བྱོལ་བོད་གཞུང་གི་ཐུགས་རེ་དང་ཐུགས་འདོད་ལྟར་བྱུང་མེད་པ་དང་རྒྱ་ཕྱོགས་ནས་རང་ཕྱོགས་ཀྱི་འདོད་ཚུལ་ཤ་སྟག་བཤད་པ་ལས་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཆོད་སེམས་དང་ཁ་ཞེ་གཉིས་མེད་མེད་པའི་དོགས་པ་རྣམ་རྟོག་དེ་ཆེ་རུ་ཕྱིན་སྐོར་གསུང་འདུག
ཡང་ཟམ་གདོང་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་དོགས་པ་རྣམ་རྟོག་བྱེད་མ་དགོས་པའི་འཛམ་གླིང་གི་ཞི་བདེའི་དེད་དཔོན་ཞིག་ཡིན་པ་དང་གང་ཉིད་ཀྱིས་འཚེ་བའི་ལས་གང་གི་ཐོག་ལའང་རྒྱབ་བསྐྱོར་གནང་མེད་ཅེས་གསུང་འདུག ཁོང་གིས་བཙན་བྱོལ་བོད་གཞུང་གི་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་དབུ་མའི་ལམ་གྱི་འཚེ་བ་སྤོང་བའི་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་རྒྱུའི་དམིགས་ཡུལ་ཁག་གསུམ་ལ་ཆོད་སེམས་གཏན་པོ་ཡོད་སྐོར་སོགས་གསུང་འདུག