འཚེ་མེད་ཞི་བའི་ལམ་གྱི་སྐོར་བགྲོ་གླེང་ཚོགས་འདུ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནོ་བྷེལ་ཞི་བདེའི་ལྷན་ཚོགས་ཀྱི་འཚེ་མེད་ཞི་བའི་ལམ་གྱི་སྐོར་བགྲོ་གླེང་ཚོགས་འདུར་མཉམ་ཞུགས།

༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནོ་བྷེལ་ཞི་བདེའི་ལྷན་ཚོགས་ཀྱི་འཚེ་མེད་ཞི་བའི་ལམ་གྱི་སྐོར་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་གནང་ཡོད་འདུག
ཁ་ས་ཚེས་ཉི་ཤུ་ལྔ་ཉིན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཆི་ཁ་གོའི་གྲོང་ཁྱེར་ནང་བསྐོངས་ཚོགས་གནང་བའི་རྒྱལ་སྤྱིའི་ནོ་བེལ་ཞི་བདེའི་ལྷན་ཚོགས་ཐེངས་བཅུ་གཉིས་པའི་ཐོག་མཉམ་ཞུགས་གནང་མཁན་ཨུ་རུ་སུའི་སྲིད་འཛིན་ཟུར་པ་མི་ཁེལ་ གོར་བ་ཅོལྦ་མཆོག་དང་། པོ་ལེན་དྲེའི་སྲིད་འཛིན་ཟུར་པ་ལེཀ་ ལྦ་ལེ་ས་མཆོག། དེ་བཞིན་ཨ་རི་བ་ནོ་བྷེལ་ཞི་བདེའི་གཟེངས་རྟག་བཞེས་མྱོང་མཁན་གྲས་ལྕམ་ཇོ་དྲི་ ཝི་ལིམ་སི་བཅས་དང་མཇལ་འཕྲད་གནང་ཡོད་འདུག དེ་ནས་ཉིན་རྒྱབ་ཀྱི་མཛད་རིམ་མཐའ་མའི་ནང་། འཚེ་བ་མེད་པའི་འཛམ་གླིང་ཞི་བདེ་སྐྲུན་ཐབས་ལ་སེམས་ཤུགས་ནམ་ཡང་མ་ཆག་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཐོག་ཚོགས་ཞུགས་གནང་ཡོད་པ་དང་། སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལས་རིམ་གཙོ་སྐྱོང་གནང་མཁན་གྱིས། ད་བར་བོད་ཀྱི་འཐབ་རྩོད་དེ་བཞིན་༧གོང་ས་མཆོག་གི་ལམ་སྟོན་འོག་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་སྤེལ་ཡོད་རེད། འོན་ཀྱང་མ་འོངས་པར་༧གོང་ས་མཆོག་སྐུ་འཚོ་ཞུགས་མེད་པའི་སྐབས་བོད་མིའི་འཐབ་རྩོད་དེ་མུ་མཐུད་ནས་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་གནས་ཀྱི་རེད་དམ་ཞེས་བཀའ་འདྲི་ཞུས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དེ་སྔའི་བོད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་རོབ་ཙམ་ངོ་སྤྲོད་དང་ལྷག་པར་དུ་རྒྱ་བོད་འབྲེལ་ལམ་སྐོར་གསལ་བཤད་གནང་བ་དང་། སྦྲགས་ད་བར་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གི་དཔོན་རིགས་ཚོ་དང་མཉམ་ཞི་འགྲིགས་ཡོང་ཐབས་དང་བོད་ལ་དོན་དམ་པའི་རང་སྐྱོང་གི་གནས་བབ་ཡོང་ཐབས་སུ་འབད་བརྩོན་གནང་ཡོད་ཀྱང་རྒྱ་ནག་སྲིད་དབང་གཅིག་སྡུད་ཀྱི་འགོ་འཁྲིད་ཚོས་སྐབས་རེ་ཚུར་བཤད་པ་མ་གཏོགས་ཕར་བཤད་པ་དེ་ཉན་རྒྱུའི་གོམས་གཤིས་མེད་པ་ལྟབུ་ཡོད་ལུགས་བཀའ་གནང་གི་ཡོད་པའི་སྐོར་གསུངས་འདུག མཐའ་དོན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་པས་མ་ཟད་ད་ལྟའི་ཆར་ཛ་དྲག་གནས་སྟངས་ཡོད་མུས་རེད། ཡིན་ནའང་དཀའ་རྙོག་སེལ་ཐབས་སུ་གྲོས་མོལ་བྱེད་རྒྱུ་དང་། འཚེ་བ་མེད་པའི་ལམ་གྱི་ཐོག་ནས་སེལ་ཐབས་བྱེད་རྒྱུ་ནི་ཐབས་ལམ་ཡག་ཤོས་རེད་ཅེས་བཀའ་གནང་བ་སོགས་ད་ཆ་དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་འཛམ་གླིང་ནང་དཀའ་ངལ་ག་འདྲ་ཞིག་ཡིན་རུང་མི་བསད་ཁྲག་སྦྱོར་མ་ཡིན་པར་འཚེ་མེད་ཞི་བའི་ལམ་གྱི་གྲོས་མོལ་གྱི་ཐབས་ལམ་བཟང་ཤོས་ཡིན་པ་དང་། དེ་ཡང་ལམ་སེང་ཡོང་ཡག་མེད་པ་ཞིག་ཡིན་སྟབས་ཆུང་དུས་ནས་སློབ་གྲྭའི་ནང་ནས་དེ་དག་གི་ཐོག་སློབ་གསོ་སྤྲོད་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་བཀའ་གནང་ཡོད་པ་རེད། ཁ་ས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནོ་བྷེལ་ཞི་བདེའི་དེད་དཔོན་གོང་ཞུས་རྣམ་དང་མཇལ་འཕྲད་གནང་བའི་སྐབས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་ཀྱང་མཉམ་བཅར་ཞུས་ཡོད་འདུག