༧གོང་ས་མཆོག་གིས་ལས་འབྲས་རྣམ་གཞག་སྐོར་བཀའ་སློབ།
2012.05.24
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་འབྲེལ་སྐབས་སུ་མང་ཚོགས་ལ་གལ་ཆེ་ཤོས་འདི་རྒྱུན་དུ་ལས་འབྲས་ཀྱི་རྣམ་གཞག་ལ་ཡིད་ཆེས་ཀྱིས་བྱམས་བརྩེ་དང་བཟོད་བསྲན་གྱི་བསམ་བློའི་ཀུན་སློང་གི་ཐོག་ནས་གཞན་ལ་ཕན་ཐོགས་བྱེད་མི་ཐུབ་ཀྱང་གནོད་འཚེའི་བསམས་པ་དོར་བ་ཡིན་ན་རང་གཞན་གཉིས་ཀར་བདེ་སྐྱིད་ཡོང་གི་རེད་ཅེས་བཀའ་བསྩལ་ཡོད་པ་རེད་
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ནས་ཨོ་སི་ཀྲིཡ་ཆོས་འབྲེལ་མཛད་འཕྲིན་ཁག་ལེགས་པར་སྒྲུབ་པའི་རྗེས་ དེ་རིང་སྦེལ་ཇེམ་ནང་ཡོན་ཏན་གླིང་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་ མངའ་ཁུལ་མང་ཚོགས་ལ་བྱམས་བརྩེ་བསྐྲུན་ཐབས་ཀྱི་སྐོར་བཀའ་སློབ་གནང་གི་ཡོད་པ་དང་ ༧གོང་ས་མཆོག་ནས་མུ་མཐུད་སང་ཉིན་ཨོ་སི་ཀྲི་ཡེའི་ནང་ཆིབས་བསྒྱུར་གྱིས་ རྒྱལ་ས་ལྦི་ཡེ་ནའི་ནང་མང་ཚོགས་ལ་བཟང་སྤྱོད་ཀྱི་སྐོར་བཀའ་སློབ་གནང་གི་ཡོད་པ་དང་ ༧གོང་ས་མཆོག་གི་བཀའ་སློབ་ཞུ་བར་ མང་ཚོགས་སྟོང་ཕྲག་མང་པོ་འདུ་འཛོམས་ཡོང་གི་ཡོད་པ་རེད་
༧སྤྱི་ནོར་༧གོང་ས་མཆོག་གིས་ད་རེས་ཆོས་འབྲེལ་བར་དུ་ ཕྱི་ཚེས་༢༠་ཉིན་ ཨོ་སི་ཀྲི་ཡ་དང་ཉེ་འཁོར་ཡུལ་ཁག་ནང་གནས་སྡོད་བོད་མི་འདུ་འཛོམས་བྱུང་བ་ཁག་ལ་ ལོགས་སུ་མཇལ་ཁ་དང་བཀའ་སློབ་གནང་ཡོད་ཅིང་ སྐབས་དེར་༧གོང་ས་མཆོག་གིས་བོད་མིར་་བསྩལ་བའི་བཀའ་སློབ་ནང་ རྒྱ་ནག་ནང་དམངས་གཙོ་དང་རང་དབང་གི་འབོད་སྒྲ་འདི་ལོ་རེ་ནས་ལོ་རེ་ཆེ་རུ་འགྲོ་བཞིན་པ་ལྟར་ འགྱུར་བ་ཡོང་རྒྱུ་ངེས་གཏན་ཡིན་པ་དང་ རྒྱ་ནག་ནང་ཆབ་སྲིད་ཀྱི་འགྱུར་བ་ཞིག་བྱུང་བའི་སྐབས་སུ་ བོད་ཀྱི་གནད་དོན་འདི་སེལ་རྒྱུའི་ དཀའ་ངལ་ཆེན་པོ་གང་ཡང་འཕྲད་ཀྱི་མ་རེད་ཅེས་ བཀའ་དེ་ལྟར་གནང་ཡོད་པ་རེད་