༸གོང་ས་མཆོག་ནས་ཧི་མ་ལ་ཡའི་རི་རྒྱུད་ཆོས་ཞུ་བར་མཇལ་ཁ།
༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་ཞུ་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་འདུག
-
2010-01-07 -
-
-
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་ཞུ་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་ཡོད་པ་རེད།
རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་ཀྱི་ཉིན་གསུམ་པའི་སྔ་དྲོར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དད་ལྡན་ཆོས་ཞུ་བ་རྣམས་ལ་མཇལ་ཁ་དང་འབྲེལ་ཁུལ་དེའི་ནང་ནང་ཆོས་ཀྱི་བསྟན་པ་མི་ཉམ་རྒྱུད་འཛིན་བྱེད་དགོས་པའི་སྐོར་བཀའ་སློབ་སྩལ་གནང་ཡོད་པ་རེད། དེ་ཡང་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན་དུ་བོད་ཀྱི་བདེན་མཐའ་མ་སེལ་བར་ནང་ཆོས་ཀྱི་བསྟན་པ་དེ་མུར་གནས་དགོས་ཚེ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཚོས་ནང་ཆོས་ལ་སློབ་སྦྱོང་བྱ་རྒྱུ་གལ་གང་ཤིན་ཏུ་ཆེ་བའི་སྐོར་གསུང་ཡོད་པ་རེད། ༸གོང་ས་མཆོག་གིས་དེང་སང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཚོས་ནང་ཆོས་ལ་སློབ་གཉེར་བྱ་རྒྱུར་དོ་སྣང་ཆེ་རུ་འགྲོ་བཞིན་པར་བསྔགས་བརྗོད་གནང་པ་དང་སྦྲགས་ནང་ཆོས་ཀྱི་སློབ་སྦྱོང་འཐུས་ཚང་བྱེད་པར་བཀའ་འགྱུར་བསྟན་འགྱུར་གྱི་གླེག་བམ་གྱི་ནང་དོན་ལ་སྦྱང་བརྩོན་བྱེད་དགོས་པ་རེད་ དེ་དག་བོད་ཡིག་ཐོག་ཡོད་པ་ལས་མོན་པ་དང་སྦོ་ཏི་ཡ་ རྫོང་ཁ་སོགས་མིང་གང་དང་གང་ཐོགས་པ་ཡིན་ཡར་ཡུལ་སྐད་སོ་སོའི་ནང་བསྒྱུར་ཁག་པོ་ཡིན་པར་སོང་བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་བོད་ཡིག་དེར་སློབ་སྦྱོང་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་གནང་བཞག ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཚོས་བོད་གངས་ཅན་ལྗོངས་ཀྱི་ནང་པ་སངས་རྒྱས་པའི་བསྟན་པ་དེ་མི་ཉམ་རྒྱུད་འཛིན་དགོས་པའི་སྐོར་བཀའ་སློབ་ཕེབས་དོན་དུ་གཞི་རྐང་བོད་ཀྱི་གནས་སྟངས་ལ་ཏན་ཏན་འགྱུར་བ་སོང་ཏེ་བོད་ཀྱི་བདེན་མཐའ་སེལ་རྒྱུ་ཕལ་ཆེར་ངེས་པ་རེད། ཡིན་ནའང་ཅི་སྟེ་གནས་ཚུལ་ཐབས་སྡུག་པོ་བྱུང་པ་ཡིན་ན་ཕྱིན་ཆད་བོད་གངས་ཅན་ལྗོངས་ཀྱི་བསྟན་འཛིན་པ་འཛིན་མཁན་ཁྱེད་ཚོ་ཆགས་ཡོད་པ་རེད་ཅེས་བཀའ་སློབ་ཟབ་མོ་གནང་ཡོད་པ་རེད༎