༸གོང་ས་མཆོག་གིས་རྒྱ་ནག་གཞུང་ལ་གསུང་འཕྲིན་བསྩལ་བ།

༸གོང་ས་མཆོག་གིས་ཀོ་ལོ་རེ་ཌོ་མངའ་སྡེར་མི་དམངས་སྟོང་ཕྲག་འདུ་འཛོམས་བྱས་པའི་ཐོག་རྒྱ་ནག་གཞུང་ལ་གསུང་འཕྲིན་ཞིག་བསྩལ་འདུག

2008.07.27

༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨ་མི་རི་ཀའི་མངའ་སྡེ་ལྦི་སི་ཀོན་སིན་གྲོང་ཁྱེར་མེ་ཌི་སེན་ནང་གི་ཉིན་གྲངས་དྲུག་གི་མཛད་འཆར་ཁག་ལེགས་པར་གྲུབ་པའི་རྗེས་ཨ་མི་རི་ཀའི་མངའ་སྡེ་ཀོ་ལོ་རེ་ཌོ་ནང་ཆིབས་བསྒྱུར་གྱིས་དེ་རིང་མངའ་སྡེ་དེའི་ནང་དུ་མི་དམངས་སྟོང་ཕྲག་འདུ་འཛོམས་བྱས་པའི་ཐོག་རྒྱ་ནག་གཞུང་ལ་གསུང་འཕྲིན་ཞིག་བསྩལ་གནང་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྐྱར་དུ་རྒྱ་ནག་གཞུང་ལ་རིང་མིན་པེ་ཅིང་དུ་ཚོགས་རྒྱུའི་ཨོ་ལིམ་པིག་རྩེད་འགྲན་ལ་ཐོག་མ་ཉིད་ནས་རྒྱབ་སྐྱོར་བྱས་པ་ལྟར་མཐའ་ཅིག་ཏུ་རྒྱབ་སྐྱོར་ཡོད་ལ་བོད་དེ་རྒྱ་ནག་ནས་ཁ་བྲལ་མི་འགྲོ་བའི་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སྒྲོམ་གཞིའི་འོག་མཉམ་གནས་ཡོང་རྒྱུའི་འབད་བརྩོན་གནང་གི་ཡོད་པ་དང་ཡིན་ནའང་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་ཁས་ལེན་ངེས་པར་དུ་བྱེད་དགོས་པ་ཡིན་ཞིང༌། ཆིག་སྒྲིལ་ཟེར་བ་ནི་ངེས་པར་དུ་ཕྱོགས་གཉིས་ཕན་ཚུན་བར་ལ་བརྩི་བཀུར་དང་ཡིད་ཆེས་སྐྲུན་པའི་གཞི་རྩའི་ཐོག་ནས་མིའི་སེམས་སྟེང་ནས་ཡོང་དགོས་ཀྱི་ཡོད་པ་རེད་ཅེས་དང༌། དེ་སྔ་ཕྱི་ལོ་༡༩༥༤ ལོར་རྒྱ་ནག་གི་དབུ་ཁྲིད་འདས་པོ་མའོ་རྩེ་ཏུང་དང་མཇལ་འཕྲད་བྱུང་བའི་སྐབས་མ་འོངས་པའི་བོད་ཀྱི་སྐོར་ལ་གླེང་མོལ་བྱུང་བ་དང༌། སྐབས་དེར་མའོ་རྩེ་ཏུང་གིས་གནད་དོན་ཁག་ཅིག་ཁས་ལེན་བྱས་པའི་ནང་རྒྱ་མི་བོད་དུ་རོགས་རམ་དུ་ཡོང་སྟེ་མི་ལོ་༢༠ ནང་ཕྱིར་ལོག་བྱ་རྒྱུའི་ཁས་ལེན་བྱས་པའི་གནས་ཚུལ་དང་དེང་སྐབས་རྒྱ་ནག་གི་དབུ་ཁྲིད་ཚོས་མའཀ་སེསི་དངོས་ཡོད་ཀྱི་ལྟ་སྤྱོད་ཐོག་མ་བསྐྱོད་པ་དང་རྒྱ་ནག་ནང་གི་ད་ཡོད་ཀྱི་དབུལ་ཕྱུག་གི་ཁྱད་པར་ཆེན་པོའི་དཀའ་ངལ་ཐོག་ལའང་དོ་སྣང་བྱེད་ཀྱི་མེད་པའི་སྐོར་བཀའ་གནང་ཡོད་པ་རེད། ད་དུང་མིའི་སེམས་བརྒྱུད་ལ་བྱམས་དང་སྙིང་རྗེའི་བློ་འཛིན་སྟངས་སྐོར་བཀའ་གནང་བའི་ནང་དགྲ་ཕྱོགས་ལ་ངེས་པར་དུ་བྱམས་དང་སྙིང་རྗེའི་བསམ་བློ་འཛིན་རྒྱུ་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན་པ་དང་དེ་ནི་དུས་རབས་༢༠ ནང་གི་དགྲ་བོ་ཕན་ཚུན་བར་ལ་མི་གསོད་ཁྲག་སྦྱོར་གྱི་རྒྱལ་ཕམ་གྱི་ཐག་གཅོད་བྱེད་པའི་དུས་རབས་ཡོལ་ཟིན་པ་དང་ད་ལྟའི་དུས་རབས་དེ་ནི་ངེས་པར་དུ་ཕྱོགས་ཕན་ཚུན་བར་དཀའ་རྙོག་ཡོད་པ་རྣམས་གྲོས་མོལ་བྱས་ཏེ་སེལ་ཐབས་བྱ་དགོས་པའི་གྲོས་མོལ་གྱི་དུས་རབས་ཤིག་ཡིན་པའི་བཀའ་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎