༸གོང་ས་མཆོག་ནས་ཌེསི་མན་ཀྲུ་ཀྲུ་མཆོག་ལ་འཚམས་འདྲི།

༧གོང་ས་མཆོག་དང་ལྷོ་ཨཕ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཀྲུ་ཀྲུ་རྣམ་གཉིས་དབར་དྲ་རྒྱའི་ཐད་གཏོང་བརྙན་འཕྲིན་བརྒྱུད་ཕན་ཚུལ་མཇལ་མོལ།

2011.10.08

༄༅༎དེ་རིང་ཕྱི་ཟླ་ ༡༠ ཚེས་ ༨ རེས་གཟའ་སྤེན་པའི་ཉིན། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ལྷོ་ཨཕ་རི་ཀའི་ཡེ་ཤུའི་ཆོས་དཔོན་ ཨརཆི་བི་ཤོཔ་ ཌེསི་མོནཌ་ ཀྲུ་ཀྲུ་རྣམ་གཉིས་དབར་དྲ་རྒྱའི་ཐད་གཏོང་བརྙན་འཕྲིན་བརྒྱུད་ཕན་ཚུལ་མཇལ་མོལ་གནང་ཡོད་པ་རེད།
ལྷོ་ཨཕ་རི་ཀའི་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ ཨརཆི་བི་ཤོཔ་ཀྲུ་ཀྲུ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་འཁྲུངས་སྐར་གྱི་མཛད་སྒོར་ཆིབས་བསྒྱུར་སྐྱོང་རྒྱུར། རྒྱ་ནག་གི་གནོན་ཤུགས་ཀྱི་རྐྱེན་པས་ཐོངས་མཆན་ལྦི་ས་འབུལ་རྒྱུར་ཀ་ཀོར་རྒྱུན་རིང་བྱས་པའི་མཐར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དངོས་སུ་ལྷོ་ཨཕ་རི་ཀར་ཆིབས་བསྒྱུར་བསྐྱངས་གནང་ཐུབ་མེད་ཀྱང་། ཕྱི་ཟླ་ ༡༠ ཚེས་ ༧ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། བླ་ཆེན་ཀྲུ་ཀྲུའི་འཁྲུངས་ཚེས་ལ་བརྙན་འཕྲིན་བརྒྱུད་འཚམས་འདྲི་མཛད་གནང་ཡོད་པ་དང་། ཕྱི་ཚེས་ ༨ ཉིན་དྲ་རྒྱའི་ཐད་གཏོང་བརྙན་འཕྲིན་ཐོག་ནས་དངོས་སུ་དབུ་འཁྲིད་རྣམ་གཉིས་དབར་ཕན་ཚུན་མཛའ་བརྩེའི་མཇལ་མོལ་ཆུ་ཚོད་གཅིག་ཙམ་གནང་སྐབས། ཨརཆི་བི་ཤོབ་ཀྲུ་ཀྲུ་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ། རྒྱ་ནག་གི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དེ་ཙམ་གྱི་འཇིགས་སྣང་བྱེད་དགོས་དོན་ཇི་ཡིན་དགོངས་སྐོར་བཀའ་འདྲི་ཞུས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་གི་ངོས་རང་བདུད་ཅིག་ཡིན་པའི་དྲིལ་བསྒྲགས་ཤུགས་ཆེ་ཞུ་བཞིན་ཡོད་པ་རེད་ཅེས་དང་། སྟབས་མ་ལེགས་པ་ཞིག་ལ་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་དང་གཞན་ཡང་སྲིད་དབང་གཅིག་བསྡུད་ལམ་ལུགས་ཀྱི་འགོ་འཁྲིད་ཚོས་སྐྱག་རྫུན་ཤོད་རྒྱུ་ནི་ཁོང་ཚོའི་མི་ཚེའི་ནང་གི་ཆ་ཤས་ལྟ་བུ་ཞིག་ཆགས་ཡོད་སྟབས་ངས་སྐད་ཆ་དྲང་པོ་བཤད་པ་དེར། རྒྱ་ནག་གི་དཔོན་རིགས་ཚོར་མི་བདེ་བ་བཟོ་གི་ཡོད་པ་རེད་ཅེས་བཀའ་ལན་གནང་ཞིང༌། ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་ནག་གི་མི་དམངས་ཚོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཤེས་རྟོགས་ལྡན་པའི་ཐོག་ནས་ཡག་སྡུག་ཇི་ཡིན་ཐག་གཅོད་བྱེད་པའི་ཐོབ་ཐང་དགོས་ཀྱི་རེད་ཅེས་བཀའ་གནང་འདུག 
ཡང༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནས་ཚུལ་ཤེས་རྟོགས་ཀྱི་རང་དབང་དམ་དྲག་བྱེད་པ་དེ་ནི་ཚུལ་མཐུན་མིན་པར་མ་ཟད། རྒྱ་ནག་གི་ཁྲིམས་ཀྱི་ལམ་ལུགས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཚད་གཞི་དང་མཐུན་པ་ངེས་པར་བཟོ་དགོས་ཀྱི་རེད་ཅེས་བཀའ་གནང་ཡོད་པ་རེད།།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ ཨརཆི་བི་ཤོཔ་ཀྲུ་ཀྲུ་མཆོག་ནི་ བདེན་པ་གཙོ་བོར་བཟུང་ཞིང་དཀོན་མཆོག་གི་བྱིན་གྱིས་རླབས་པ་ཞིག་ཡིན་སྟབས། སྐུ་ཚེ་ཡུན་རིང་བཞུགས་དགོས་པའི་ཐུགས་སྨོན་མཚམས་སྦྱོར་གནང་པ་དང་སྦྲགས། ཁོང་དགུང་གྲངས་དགུ་བཅུར་ཕེབས་པའི་འཁྲུངས་སྐར་གྱི་མཛད་སྒོའི་ཆེད་མགྲོན་འབོད་ངེས་པར་གནང་དགོས་པ་དང་སྐབས་དེར་སླར་ཡང་ལྷོ་ཨཕ་རི་ཀའི་གཞུང་གི་བྱེད་ཕྱོགས་ལ་ཚོད་བལྟ་ཞིག་བྱེད་དགོས་ཀྱི་རེད་ཅེས་ཞལ་ཞོག་དང་འབྲེལ་བཀའ་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎