ཆོས་ལུགས་ཕན་ཚུན་འཆམ་མཐུན་དགོས་པའི་བཀའ་སློབ།
2008.05.18
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་ཆོས་ལུགས་ཕན་ཚུན་གྱི་འཁོན་འཛིན་གྱིས་རྐྱེན་པས་མི་བསད་ཁྲག་སྦྱོར་གྱི་རྒྱུ་རྐྱེན་ཆགས་པ་ནི་བློ་ཕམ་གྱི་རང་བཞིན་ཡིན་པས་ ཆོས་ལུགས་ཕན་ཚུན་འཆམ་མཐུན་དགོས་རྒྱུ་མེད་དུ་མི་རུང་པ་ཆགས་ཡོད་སྐོར་གསུངས་གནང་འདུག
རེས་གཟའ་ཉི་མའི་ཉིན་༸གོང་ས་མཆོག་གིས་འཇར་མ་ནིའི་གྲོང་ཁྱེར་ནུ་རེམ་སྦག་ནང་ཡུལ་མི་ཁྲི་བདུན་ཙམ་འདུ་འཛོམས་ཐོག་གསུང་བཤད་གནང་སྐབས་ འཛམ་གླིང་ནང་ཆོས་ལུགས་འདྲ་མིན་ཡོད་དགོས་པའི་རྒྱུ་མཚན་ནི་ མིའི་སྤྱི་ཚོགས་འདྲ་མིན་དང་དགོས་མཁོ་ཡང་འདྲ་མིན་ཡོད་པ་དེ་དག་འགྲུབ་པའི་ཆེད་དུ་ཡིན་པས་ ཚང་མས་ཕན་ཚུན་འཆམ་མཐུན་དགོས་སྐོར་བཀའ་བསྩལ་གནང་ཡོད་འདུག ༸གོང་ས་མཆོག་གིས་གསུང་བཤད་མ་གནང་གོང་ འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པའི་དབུ་ཁྲིད་ ཝུལྥ་གེང་ག་ར་རྡར་ གྱིས་རྒྱ་ནག་གིས་བོད་ནང་འདས་པའི་ལོ་བཅུ་ཕྲག་མང་པོའི་རིང་གདུག་རྩུབ་དྲག་གནོན་བྱེད་བཞིན་པ་མ་ཟད་ད་ལྟའི་སྐབས་སུ་བོད་མི་ལྔ་སྟོང་ཙམ་བཙོན་བཅུག་བྱས་ཡོད་ལུགས་གཏམ་བཤད་གནང་བ་དང་སྦྲགས་ བོད་དོན་ལ་རྒྱབ་སྐྱོར་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་ཞུས་གནང་འདུག ཡང་འཇར་མ་ནིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ གུན་ཊར་ ནུའུ་ཀེ་ ཡིས་བོད་རྒྱའི་གྲོས་མོལ་བསྐྱར་གསོ་གནང་དགོས་ལུགས་གསུངས་པ་དང་ཆབས་ཅིག་ གྲོས་མོལ་དེ་རིགས་ལམ་ལྷོངས་ཡོང་བའི་ཆེད་དུ་རྒྱལ་སྤྱིའི་ཆབ་སྲིད་རྩལ་དང་གནོན་ཤུགས་སྤྲོད་དགོས་ལུགས་གཏམ་བཤད་གནང་འདུག ༸གོང་ས་མཆོག་གིས་གོང་ཞུས་དང་འདྲི་གསུང་བཤད་གཅིག་ཉིན་རྒྱབ་གྲོང་ཁྱེར་ བཱམ་གཀ་ ནང་གནང་ཡོད་པ་མ་ཟད་ རེས་གཟའ་ཟླ་བའི་ཉིན་སྦར་ལིན་གྱི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་སྦརེན་ཌེན་སྦག་གེཊེ་ཞེས་པར་འཇར་མ་ནིའི་འཛུགས་བསྐྲུན་བློན་ཆེན་ལྷན་དུ་གསུང་བཤད་གནང་གཏན་འཁེལ་ཡོད་འདུག རེས་གཟའ་པ་སངས་ཉིན་རྒྱ་ནག་གིས་འཇར་མ་ནིའི་བློན་ཆེན་གྱི་༸གོང་ས་མཆོག་མཇལ་གནང་གི་ཡོད་པ་དེར་སྐྱོན་བརྗོད་བྱས་འདུག
འཇར་མ་ནིའི་སྲིད་བློན་གྱི་ལས་ཁུངས་ནས་༸གོང་ས་མཆོག་ཆོས་ཕྱོགས་ཀྱི་དབུ་འཁྲིད་ཅིག་ཡིན་པའི་ཆ་ནས་མ་གཏོགས་ཆབ་སྲིད་ཀྱི་དབུ་ཁྲིད་ཀྱི་རྣམ་པའི་ཐོག་ནས་མཇལ་འཕྲད་གནང་བ་མ་ཡིན་པ་གསལ་བཤད་གནང་ཡོད་འདུག།