ཐེ་ལྦན་དུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི།
2011.07.05
༄༅༎ཐེ་ལྦན་གྱི་རྒྱལ་སར་རྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་བཏང་བའི་གནས་ཚུལ་ནང་གསལ་ལྟར་ན་ ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༣ རེས་གཟའ་ཉི་མའི་ཉིན་གྱི་གུང་སེང་དང་སྟབས་བསྟུན་ཏེ་དོན་གཅོད་ཁང་གིས་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཟབ་རྒྱས་ཞུས་འདུག མཛད་སྒོར་ཐེ་ལྦན་ནང་གི་བོད་མི་སེར་སྐྱ་དང་ བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་གི་ཚོགས་མི་བཅས་ ཁྱོན་མི་གྲངས་ ༣༠༠ བརྒལ་བས་མཉམ་འཛོམས་གནང་སྟེ་ ཐོག་མར་ཐེ་ལྦན་རྒྱལ་སྤྱིའི་བོད་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོས་གསུང་བཤད་གནང་། དེ་རྗེས་ཐེ་ལྦན་དུ་གནས་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་དགྲ་བཅོམ་པ་ལགས་ཀྱིས་བོད་རིགས་ཚོགས་པའི་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་གནང་བ་དང་ཆབས་ཅིག་ ཐེ་ལྦན་ནང་བོད་ཀྱི་རྩ་དོན་ཆེད་ལས་འགུལ་སྤེལ་བའི་པར་ཁག་ཀྱང་འགྲེམས་སྟོན་གནང་འདུག་ སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་སྐུའི་འཁྲུངས་སྐར་དུས་ཆེན་དང་འབྲེལ་བའི་གསུང་བཤད་གྲུབ་རྗེས། གོང་ས་མཆོག་སྐུ་ཚེ་ཞབས་པད་སྐལ་བརྒྱར་བརྟན་ཅིང་ བཞེད་དོན་ལྷུན་གྱིས་གྲུབ་ཅིང་ འཇིག་རྟེན་ནང་ཞི་བདེ་ཡོང་སླད་སྨོན་ལམ་གསུང་འདོན་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་རེད།