༸གོང་ས་མཆོག་ཉི་ཧོང་དུ་ཆིབས་བསྒྱུར།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གི་ན་རི་ཏ་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་འཁོད་ཡོད་པ་རེད།

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཉི་ཧོང་གི་གྲོང་ཁྱེར་ན་ག་ནོ་ནང་རྟེན་གཞི་བྱས་པའི་ཛེན་ཀོ་ཛི་དགོན་པའི་དབུ་བླ་གཙོ་བོར་གྱུར་བའི་ཞི་བདེ་དོན་གཉེར་ཅན་ཚོས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་ཐོབ་སྟེ་ཉི་ཧོང་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་བཀོད་འདུག

དེ་ཡང་ཕྱི་ཟླ་དྲུག་པའི་ཚེས་༡༨ཉིན་གྱི་སྔ་དྲོ་ཕྱག་ཚོད་༧དང་སྐར་མ་ལྔ་ཅུའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གི་ན་རི་ཏ་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་འཁོད་ཡོད་ཅིང་དེའི་སྐབས་གནམ་ཐང་དུ་ཛེན་ཀོ་ཇི་མ་དགོན་གྱི་ཕྱག་མཛོད་བགྲེས་པ་བཞི་དང་ལྷོ་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་གཅོད་ལྷག་པ་འཚོ་སྒོ་ལགས་དང་འབྲེལ་ཡོད་ལས་བྱེད་རྒྱུན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་སེམས་ཆེ་བའི་གནད་ཡོད་མི་སྣ་གཉིས་དང་རྒྱ་གར་གཞུང་ཚབ་ཀྱི་འབྲེལ་མཐུད་འགན་འཛིན་ ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན་སོགས་ཁྱོན་མི་གྲངས་ལྔ་ཅུ་ལྷག་གནམ་ཐང་དུ་བཅར་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་དང་ལྷག་པར་དུ་ཉི་ཧོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མ་ཀི་ནོ་སི་སུ་མཆོག་༸གོང་ས་མཆོག་བཞུགས་ཡུལ་མགྲོན་ཁང་དུ་ཆེད་བཅར་གྱིས་ཕེབས་བསུ་ཟབ་རྒྱས་དང་སྦྲགས་བཞུགས་གནས་མགྲོན་ཁང་ནང་གདན་ཞུས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས་ཡོད་པའི་ཁར་ ཉི་ཧོང་ནང་གི་གཞུང་འཛིན་དཔོན་རིགས་གསར་པ་དང་དཔལ་འབྱོར་གནས་སྟངས་ དེ་བཞིན་རྒྱལ་སྤྱིའི་མང་གཙོའི་སྐོར་སོགས་བཀའ་མོལ་ཞུས་ཡོད་འདུག ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཁག་བཞིའི་ནང་ཕྱི་ཟླ་༦པའི་ཚེས་༡༧ནས་༡༨དབར་ཉི་ཧོང་ཁུལ་དུ་ཆོས་འབྲེལ་དང་དེ་མིན་གྱི་མཛད་འཕྲིན་རྒྱ་ཆེ་ཞིག་བསྐྱང་གནང་རྒྱུའི་མཛད་འཆར་ཡོད་ཅིང་ ༸གོང་ས་མཆོག་གདན་ཞུ་གནང་མཁན་གཙོ་བོ་ཛེན་ཀོ་ཇི་དགོན་པ་དེ་བཞིན་དུས་རབས་བདུན་པའི་ནང་གསར་དུ་བཞེངས་པའི་དགོན་པ་གྲགས་ཅན་ཞིག་ཡིན་པ་མ་ཟད་ ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་པེ་ཅིན་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་མཚོན་རྟགས་ལག་ཐོགས་སྒྲོན་མེ་འཛམ་གླིང་ཡུལ་ཁག་ནང་བསྐོར་སྐྱོད་བྱེད་པའི་རིང་གོང་ཞུས་ཛེན་ཀོ་ཇི་དགོན་པས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པི་རྡུང་རྡེག་དང་བཙན་གནོན་གྱི་སྲིད་བྱུས་དེར་ངོ་རྒོལ་དང་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཆེད་རྩེད་འགྲན་གྱི་སྒྲོན་མེ་དེས་ཁུལ་དེའི་ནང་སྐོར་སྐྱོད་བྱེད་རྒྱུར་དང་ལེན་རྩ་བ་ནས་གནང་མེད་པ་རེད་ བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༡༩༥༩ལོར་རྒྱ་གར་ནང་བཙན་བྱོལ་དུ་༸ཞབས་སོར་འཁོད་རྗེས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་ཆིབས་སྒྱུར་ཐོག་མ་དེ་ཕྱི་ལོ་༡༩༦༧ལོར་ཉི་ཧོང་དུ་བསྐྱངས་ཡོད་པ་དང་ཐེངས་འདི་ནི་༸གོང་ས་མཆོག་ཉི་ཧོང་དུ་ཆིབས་སྒྱུར་བསྐྱངས་ཐེངས་༡༤ཡིན་པ་རེད།