རྒྱ་ནག་ནང་མང་གཙོ་དར་སྤེལ་དགོས་པར་ཡིད་ཆེས།
2011.10.11
༄༅༎ཐའེ་ལྦན་གྱི་མང་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ལྕམ་ ཚཡི་ཨིང་ལྦན་མཆོག་གིས་རྒྱ་ནག་གཞུང་གི་ངོས་ནས་༧གོང་ས་ཏཱ་འི་བླ་མ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་མཁྲེགས་བཟུང་ཅན་གྱི་ལངས་ཕྱོགས་བཟུང་བ་དང་ དེ་བཞིན་བོད་མི་ཚོའི་ཐོག་མུ་འཐུད་དྲག་གནོན་བྱེད་བཞིན་པ་དེས་རྒྱ་ནག་གིས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་རང་ཉིད་ཀྱི་ཆེ་ཐོངས་གོང་འཕེལ་གཏོང་ཐབས་བྱེད་བཞིན་པར་དོ་ཕོག་ཆེན་པོ་གཏོང་བཞིན་ཡོད་པ་གསུངས་འདུག།
ལྕམ་ ཚཡི་ཨིང་ལྦན་མཆོག་ནི་ཕྱི་ལོ་ ༡༠༡༢ ལོར་ཐེ་ཝན་སྲིད་འཛིན་གྱི་འོས་བསྡུའི་སྐབས་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་གྱི་འོས་མི་དེ་ཡིན་ཞིང་ ཁོང་གིས་འདི་ལོ་ཕྱི་ཟླ་བརྒྱད་པའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱག་བྲིས་ཤིག་ཕུལ་བའི་ནང་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མིའི་མང་གཙོ་མདུན་བསྐྱོད་ཀྱི་དགོངས་གཞིའི་ཐོག་ནས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་འཁྲིད་ཚོར་རྩིས་སྤྲོད་མཛད་པར་ཆེ་བསྟོད་ཆེན་པོ་ཞུས་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ ཐའེ་ལྦན་གྱི་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ ཚཡི་ཨིང་ལྦན་རྣམ་པ་གཉིས་ཀས་རྒྱ་ནག་ནང་མང་གཙོ་དར་སྤེལ་དགོས་པར་ཡིད་ཆེས་ཆེན་པོ་གནང་གི་ཡོད་ཅིང་ དཔེར་ན་ཉེ་ཆར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གཞུང་ཕྱོགས་ནས་མི་དམངས་ཀྱིས་གནས་ཚུལ་ངོ་མ་ཤེས་རྟོག་ཡོང་རྒྱུར་དམ་བསྒྲཌ་ཤུགས་ཆེ་བྱེད་བཞིན་པ་དེ་ནི་ཚུལ་མིན་གྱི་བྱ་སྤྱོད་ཅིག་ཡིན་པ་བཀའ་གནང་པ་དང་ རྒྱ་ནག་ཐེ་བས་སྲིད་དབང་གཅིག་སྡུད་རིང་ལུགས་ཀྱི་འགོ་འཁྲིད་ཚོས་བདེན་པར་འཇིགས་སྣང་ཆེན་པོ་བྱེད་བཞིན་ཡོད་པ་བཀའ་གནང་པ་དང་སྦྲགས་ རྒྱ་ནག་གི་ཁྲིམས་ལུགས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཚད་གཞི་དང་མཉམ་པ་ཡོང་དགོས་རྒྱུ་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན་པ་བཀའ་གནང་ཡོད་པ་རེད།
ཡང་ཐའེ་ལྦན་གྱི་མང་གཙོ་ཡར་ཐོན་ཚོགས་པས་ རྒྱལ་སྤྱིའི་སྤྱི་ཚོགས་ནས་ འཛམ་གླིང་གི་ཡུལ་གྲུ་ཁག་གི་སྤྱི་དམངས་ཀྱི་རང་དབང་དང་ མང་གཙོའི་འཕེལ་རྒྱས་ཀྱི་རང་བཞིན་དེ་སྲུང་སྐྱོབ་བྱེད་དགོས་ཀྱི་རེད་ཅེས་བརྗོད་ཡོད་པ་རེད།