བོད་མི་ཚོས་ཨ་རིའི་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུས་གནང་སོང་།
2019.02.13
ཨ་རིའི་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་གི་གཙོས་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བོད་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེན་བསྟན་འདུག
བོད་མི་ཚོས་ཨ་རིའི་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་ཞིག་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ནང་བསྡུ་སྐབས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་(Nancy Pelosi)མཆོག་གི་གཙོས་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་གཏམ་བཤད་གནང་ནས་བོད་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེན་བསྟན་འདུག
དེ་ཡང་ཟླ་འདིའི་སྤྱི་ཚེས་༡༢ཉིན་གྱི་དགོང་དྲོར་ཨ་རིའི་གྲོས་ཚོགས་ཀྱི་སྣེ་ལེན་ཚོགས་ཁང་དུ། ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། རྒྱལ་སའི་མངའ་ཁུལ་ས་གནས་བོད་རིགས་ཚོགས་པ་བཅས་ཀྱིས་གོ་སྒྲིག་འོག་ཨ་རིའི་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། དེའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་གསུང་འཕྲིན་སྩལ་གནང་ཡོད་པ་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་(Nancy Pelosi)མཆོག་གི་གཙོས་གྲོས་ཚོགས་ཀྱི་འཐུས་མི་བཅུ་གྲངས་ཤིག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག བྱང་ཨ་རིའི་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་ཚེ་དབང་རིག་འཛིན་ལགས་དང་ཕྱག་མཛོད་ཚང་པདྨ་ལགས་སོགས་ཀྱིས་ཐུགས་རྗེ་ཆེའི་གསུང་བཤད་གནང་ཡོད་པ་མ་ཟད། བྱང་ཨ་རིའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་དང་བོད་མིའི་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ་དང་རྒྱལ་སའི་ས་ཁུལ་གྱི་བོད་མི་མི་གྲངས་བརྒྱ་སྐོར་ཞིག་མཉམ་ཞུགས་གནང་འདུག
མཛད་སྒོའི་ཚོགས་འདུའི་བར་དུ་བསྟན་པའི་གོང་ས་མཆོག་གི་བརྙན་ཐུང་གསུང་བཤད་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་དོན། དེ་རིང་ཁྱེད་རང་ཚོ་ཨ་རིའི་དོན་གཅོད་ཐེ་བའི་འབྲེལ་ཡོད་ཚོགས་པ་ཁག་དང་ས་གནས་བོད་རིགས་ཚོས་པ་བཅས་ཀྱིས་ཨ་རི་ལ་ཐུགས་རྗེ་ཆེ་ཟེར་བའི་མཛད་སྒོ་ཞིག་ཚུགས་བཞིན་ཡོད་པ་ངོས་ཀྱི་བསམ་ཚུལ་དང་འབྲེལ་བའི་ཐོག་ནས་སྐབས་འདིར་ཐུགས་རྗེ་ཆེ་ལབས་ཀྱི་ཡོད་ཅེས་ཨ་རི་ནི་ཕྱོགས་གཅིག་ནས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པ་དེའི་ཆགས་རིམ་འཛམ་གླིང་གི་རང་དབང་གི་མིག་དཔེར་ལྟ་ས་ཡིན་པ་བཞིན་བོད་མི་ཚོས་བློ་གཏད་ས་དང་རེ་ལྟོས་བྱེད་ས་ཡིན་པ། དེ་བཞིན་མགོན་པོ་གང་ཉིད་སྐུ་སྒེར་གྱི་ངོས་ནས་ཨ་རིའི་དང་དམིགས་བསལ་འབྲེལ་བ་བྱུང་རིམ་སོགས་གསུང་ནས་ཨ་རིའི་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུས་ཡོད།དེ་མིན་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་ནང་། དེང་གི་ཆབ་སྲིད་ཀྱི་ཁོར་ཡུག་ཁག་པོ་དེའི་ཁྲོད་རང་དབང་ལ་སྣེ་ཁྲིད་གནང་རྒྱུ་ནི་འགན་འཁྲི་ཁག་པོ་ཞིག་ཡིན་ཞིང་། ཆབ སྲིད་དབུ་ཁྲིད་མང་པོ་ཞིག་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་གླེང་རྒྱུར་གཡོལ་ཐབས་བྱེད་བཞིན་ཡོད་ནའང་། ཁོང་ག་དུས་ཡིན་ཡང་ཝ་ཞིན་ཀྲོན་དུ་གཟིགས་སྐོར་སྐབས་ཨ་རིའི་ཆབ་སྲིད་དབུ་ཁྲིད་རྣམས་ཀྱིས་ལག་ཟུང་བསྲིངས་ནས་དགའ་བསུ་བྱེད་བཞིན་པ་མ་ཟད། ནམ་རྒྱུན་ཁོང་ལ་ང་ཚོས་བོད་ཀྱི་དོན་དུ་ཅི་ཞིག་སྒྲུབ་དགོས་སམ་ཞེས་སྐད་ཆ་འདྲི་གི་འདུག་ཅེས་སོགས་གསུང་ནས་ད་བར་དུ་ཨ་རི་གཞུང་དམངས་གཉིས་ནས་བོད་ལ་རྒྱབ་སྐྱོར་དང་དཔལ་འབྱོར་གྱི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པས་མུ་མཐུད་དུ་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཞུས་འདུག
སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་(Nancy Pelosi)མཆོག་གིས་གསུང་བཤད་སྐབས། དེ་སྔོན་ཨ་རིའི་སྲིད་འཛིན་ཇོ་ཇི་བྷུ་ཞིའི་སྐབས་སུ་ཨ་རིའི་གྲོས་ཚོགས་ནས་༧གོང་ས་མཆོག་ལ་གསེར་གྱི་རྟགས་མ་ཕུལ་ཐུབ་པ་དེ་ནི་གྲོས་ཚོགས་ཀྱི་གཟི་བརྗིད་ཅིག་ལ་བརྩི་གིན་ཡོད་པ་སོགས་གསུང་བ་མ་ཟད། ཉེ་ཆར་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་གཏན་འབེབས་བྱུང་བ་ནི་གྲུབ་འབྲས་གལ་ཆེན་ཞིག་བརྩི་གི་ཡོད། དེ་རིང་ཨ་རིར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་པས་ངོས་ནས་༧གོང་ས་མཆོག་དང་བོད་མི་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་༧གོང་ས་མཆོག་གིས་དབུས་པའི་བོད་པ་རྣམས་ཀྱི་འབད་བརྩོན་ལ་བསྔགས་བརྗོད་གནང་བ་དང་མཉམ་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་(Nancy Pelosi)མཆོག་གི་གཙོས་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་གཅིག་རྗེས་གཉིས་མཐུད་གཏམ་བཤད་གནང་ནས་བོད་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེན་བསྟན་འདུག
སྲིད་སྐྱོང་བློ་བཟང་སེང་གེས་ཐུགས་རྗེ་ཆེ་ཞུ་དང་འབྲེལ་བའི་གཏམ་བཤད་གནང་བ་དང་ལྕམ་ནན་སི་པེ་ལོ་སི་(Nancy Pelosi)མཆོག་གི་ཕྱག་ཏུ་ཨ་རིའི་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཚོན་དོན་ཆོས་ཀྱི་འཁོར་ལོ་ཞིག་ཕུལ་ཡོད་པ་རེད།