སྤྲུལ་སྐུ་གཤེཊ་ཚུལ་ཐད་ཞིབ་འཇུག་བྱ་རྒྱུའི་འབོད་སྐུལ་གནང་བ།
2015.10.23
ཡོ་རོབ་གྲོས་ཚོགས་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་གཤེགས་ཚུལ་ཐད་འཕྲལ་མར་ཞིབ་འཇུག་བྱ་རྒྱུའི་འབོད་སྐུལ་གནང་བ།
དེ་ཡང་ཡོ་རོབ་གྲོས་ཚོགས་ནང་ཕྱི་ཚེས་༢༢ཉིན་བོད་ཀྱི་གནད་དོན་ཐོག་ཉན་ཞིབ་ཚོགས་ཡོད་པ་དང་། ཉན་ཞིབ་མ་ཚོགས་གོང་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་བོ་བློ་བཟང་ཚེ་རིང་ལགས་ཀྱིས་གྲོས་ཚོགས་སུ། བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་ནག་གི་བཙོན་ཁང་ནང་སྐུ་གཤེགས་པ་དེ་ནི་རང་བཞིན་གྱིས་གཤེགས་པ་ཞིག་མིན་པའི་དོགས་གཞི་ཡོད་པར་བརྟེན་ཡོ་རོབ་གྲོས་ཚོགས་ནས་གནད་དོན་དེའི་ཐོག་འཕྲལ་མར་ཞིབ་འཇུག་གནང་རྒྱུའི་འབོད་སྐུལ་ཤུགས་ཆེ་ཞུས་ཡོད་འདུག
བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ད་ལོ་ཕྱི་ཟླ་བདུན་པའི་ཚེས་༡༢ཉིན་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ནང་སྐུ་གཤེགས་པའི་སྐོར་གཞུང་ཕྱོགས་ནས་རིན་པོ་ཆེའི་སྤུན་མཆེད་ཚོར་བརྗོད་ཡོད་པ་དང་། རིན་པོ་ཆེའི་ཚ་བོ་བློ་བཟང་ཚེ་རིང་ལགས་ཀྱིས་ཡོ་རོབ་གྲོས་ཚོགས
སུ། ཁོང་གི་ཨ་ཞང་ལགས་ལ་རྒྱ་ནག་གཞུང་གིས་མ་ཉེས་ཁ་གཡོག་བྱས་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་བཙོན་ཁང་ནང་བཞུགས་རིང་སྐུ་གཟུགས་ཧ་ཅང་སྐྱོ་པོ་ཆགས་པ་མ་ཟད། ཁོང་སྐུ་མ་གཤེགས་གོང་རྒྱ་ནག་གི་སྐྱོན་བཙུགས་ལ་ཁོང་གིས་ཁས་ལེན་གནང་མེད་པ་གསུངས་འདུག
བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་། ཁོང་གི་ཕྱག་རོགས་བློ་བཟང་དོན་གྲུབ་ལགས་ལ་༢༠༡༢་ལོར་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་ལ་འབར་རྫས་སྤར་རྩིས་བྱས་པའི་ཉེས་བཙུགས་ཀྱིས་བློ་བཟང་དོན་གྲུབ་ལགས་སྐབས་དེ་དུས་སྲོག་ཐོག་གི་ཉེས་ཆད་བཏང་ཡོད་པ་དང་། རིན་པོ་ཆེར་དུས་འགྱངས་ལོ་གཉིས་ཀྱི་སྲོག་ཐོག་ཉེས་ཆད་བཅད་ཡོད་ཅིང་། རྗེས་སུ་རིན་པོ་ཆེའི་
ཁྲིམས་ཐག་ཚེ་བཙོན་དུ་གྱུར་བ་བཏང་ཡོད་པ་རེད།
ཡོ་རོབ་གྲོས་ཚོགས་ནས་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གི་བཙོན་འཇུག་བྱས་པའི་རྗེས་དང་། ཁོང་བཙོན་ཁང་ནང་བཞུགས་རིང་སྐུ་གཟུགས་ཀྱི་གནས་སྟངས་
སྐྱོ་པོ་ཆགས་པའི་རྗེས་ཁོང་མགྱོགས་མྱུར་གློད་གྲོལ་དགོས་པ་རྒྱ་ནག་གཞུང་ལ་འབོད་སྐུལ་གྱི་གྲོས་ཆོད་ཐེངས་ཁ་ཤས་བཞག་མྱོང་ཡོད་པ་རེད།
གསར་འགོད་པ་འཆི་མེད།