བོད་མིའི་ས་གནས་ཁྲིམས་ཞིབ་པ་གསར་པ་བསྐོ་བཞག
2011.09.13
༄༅༎རྒྱ་གར་བྱང་ཕྱོགས་བོད་མིའི་ས་གནས་ཀྱི་ཁྲིམས་ཞིབ་པ་གསར་པ་ཁྲིམས་ལུགས་པ་བསྟན་འཛིན་ལྷུན་གྲུབ་ལགས་སུ་བསྐོ་བཞག་བྱས་པའི་སྐོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གསལ་བསྒྲགས་གནང་ཡོད་པ་རེད།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་དེ་རིང་གནས་ཚུལ་སྤེལ་བའི་ནང༌། རྒྱ་གར་བྱང་ཕྱོགས་བོད་མིའི་ས་གནས་ཀྱི་ཁྲིམས་ཞིབ་པ་ནོར་པ་ཚེ་རིང་ནོར་བུ་ལགས་འཕོས་པའི་ཚབ་ཏུ། དེ་རིང་ཕྱི་ཟླ་༩ པའི་ཚེས་༡༣ ནས་བསྟན་འཛིན་ལྷུན་གྲུབ་ལགས་ཁྲིམས་ཞིབ་པ་གསར་པར་བསྐོ་བཞག་གནང་ཡོད་ཅིང༌། བསྟན་འཛིན་ལྷུན་གྲུབ་ལགས་ནི། འཛིན་རིམ་༡༢ བར་རྡ་སྟེང་བོད་ཁྱིམ་སློབ་གྲར་སློབ་སྦྱོང་གནང་ཡོད་པ་དང༌། ༢༠༠༤ ལོར་རྒྱ་གར་གྱི་ཇི་ལྦ་ཇི་གཙུག་ལག་སློབ་གྲ་ནས་LLB སློབ་གཉེར་མཐར་སོན་པའི་རྗེས། རྒྱལ་ས་ལྡི་ལིར་རྒྱ་གར་གྱི་འགྲོ་བ་མིའི་ཐོབ་ཐང་སློབ་གཉེར་ཁང་དུ་ལོ་གཉིས་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཁྲིམས་ལུགས་སྐོར་སློབ་སྦྱོང་གནང་སྟེ། ཕྱག་འཁྱེར་ཐོབ་ཡོད་པ་རེད། ད་དུང་ལྡི་ལིར་བཅའ་བཞུགས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་རྩོད་པ་སྐུ་ཞབས་མུ་ཁྱེ་སྐུ་མདུན་ནས་ཟླ་བ་དྲུག་རིང་ཁྲིམས་རྩོད་པའི་ཉམས་མྱོང་གསག་པ་དང་ཆབས་ཅིག་ཁྲིམས་རྩོད་པའི་ལག་འཁྱེར་ཐོབ་ཡོད་ཅིང༌། ཁོང་གིས་༢༠༠༦ ལོའི་ཕྱི་ཟླ་༨ པའི་ཚེས་༡༨ ནས་༢༠༡༡ ལོའི་ཕྱི་ཟླ་༩ ཚེས་༡༢ བར་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ལས་གནས་འདྲ་མིན་ཐོག་ཕྱག་ལས་གནང་ཡོད་པའི་སྐོར་བཀོད་ཡོད་པ་རེད།