དགེ་འདུན་པ་བསྟན་འཛིན་དར་རྒྱས་དང་རིག་ཚེ་གཉིས་རྒྱ་ནག་གཞུང་གིས་ཡུན་རིང་བཀག་ཉར་རྗེས་ལོ་གསུམ་ནས་གསུམ་དང་ཕྱེད་ཀ་བར་གྱི་ཁྲིམས་ཐག་བཅད་འདུག
ཕྱི་ལོ་༢༠༢༠ལོའི་ཕྱི་ཟླ་༩ནང་རྒྱ་ནག་གི་ཉེན་རྟོག་པས་རྫ་ཆུ་ཁ་བ་རོང་ནས་ཡིན་པའི་དགེ་འདུན་པ་བསྟན་འཛིན་དར་རྒྱས་ལགས་དང་རིག་ཚེ་གཉིས་ལ། ཁ་པར་སྔོག་བཤེར་དང་འབྲེལ་༧གོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱས་སྐོར་གྱི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་ཀྱིས་འདས་པའི་ལོ་གཉིས་ལྷག་རིང་བཀག་ཉར་འོག་བཞག་སྟེ། འདི་ལོའི་ཕྱི་ཟླ་༥ཟླ་མཇུག་ཙམ་ནང་༧གོང་ས་མཆོག་གི་སྐུ་པར་ཉར་བ་དང་ཁ་བྲལ་བར་ངན་འབྲེལ་གྱི་ཉེས་མིང་འོག་དགེ་འདུན་པ་བསྟན་འཛིན་དར་རྒྱས་ལགས་སུ་ལོ་༣དང་ཟླ་༦་དང་། གཞན་དགེ་འདུན་པ་རིག་ཚེ་ལགས་སུ་ལོ་༣་བཙོན་མཇུག་ཁྲིམས་ཐག་བཅད་ཡོད་པ། བོད་ནང་དང་བཙན་བྱོལ་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། དགེ་འདུན་པ་གཉིས་ལ་ཁྲིམས་ཐག་གཅོད་མཁན་སེར་ཤུལ་རྫོང་འབྲིང་རིམ་མི་མང་ཁྲིམས་ཁང་ཡིན་པ་དང། སྐབས་དེར་ཁྲིམས་བཤེར་ག་འདྲ་བྱས་ཡོད་ཤེས་རྟོགས་མེད་པ་མ་ཟད། ནང་མི་ཉེ་འབྲེལ་སོགས་ལ་ཐུག་འཕྲད་རིགས་རྩ་ནས་བྱེད་བཅུག་མེད་པ་དང་། འབྲེལ་ཡོད་ཚོར་དགེ་འདུན་པ་བསྟན་འཛིན་དར་རྒྱས་དང་རིག་ཚེ་གཉིས་ཀྱི་གནས་ཚུལ་རིགས་གླེང་སློང་དང་ཕྱི་ཕྱོགས་ལ་མཁོ་སྤྲོད་མི་ཆོག་པའི་འཇིགས་སྐུལ་བྱེད་བཞིན་ཡོད་སྟབས། ཁོང་གཉིས་བཙོན་ཁང་གང་དུ་བཅུག་ཡོད་དང་འཕྲོད་བསྟེན་གནས་བབ་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་སྐོར་འགྲེལ་བརྗོད་གནང་བྱུང་།
སྔར་ལོའི་ཕྱི་ཟླ་༡༢ནང་བསྟན་འཛིན་དར་རྒྱས་ལགས་འཛིན་བཟུང་བྱས་པའི་གནས་ཚུལ་ཨེ་ཤི་ཡ་རང་དབང་རླུང་ཁང་ནས་ཤེས་རྟོགས་བྱུང་ཡོད་ན་ཡང་། སྐབས་དེར་ཁོང་མཉམ་དུ་དགེ་འདུན་པ་གཞན་ཞིག་ཡོད་པ་ལས་རིག་ཚེ་ལགས་ཡིན་པ་ཤེས་རྟོགས་ཐུབ་མེད་པ་རེད་ལ། བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་དགེ་འདུན་པ་གཉིས་འཛིན་བཟུང་དང་འབྲེལ་བོད་མི་ཁག་ཅིག་སྔ་ཕྱིར་༧གོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱས་སྐོར་གྱི་ཉེས་མིང་འོག་བཀག་ཉར་དང་ཉེས་ཆད་འདྲ་མིན་བཅད་ཡོད་འདུག་ན་ཡང་། དམ་དྲག་རྐྱེན་གྱིས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། ཕྱི་ལོ་༢༠༢༡ལོར་རྒྱ་ནག་གཞུང་འབྲེལ་ནས་ས་གནས་དེའི་ཁྱིམ་ཚང་རེ་རེ་བྱས་ཏེ་ཞིབ་བཤེར་དང་། ༧གོང་ས་མཆོག་གི་སྐུ་པར་ནང་དུ་ཉར་མཁན་ཚོས་ཁྱིམ་དུ་མེ་མདའ་ཉར་བ་དང་གཅིག་གྱུར་གྱི་ཁྲིམས་འགལ་ཉེས་ཆད་གཅོད་རྒྱུ་ཡིན་པ་སོགས་ཀྱི་འཇིགས་སྐུལ་བྱས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
དགེ་འདུན་པ་བསྟན་འཛིན་དར་རྒྱས་ལགས་ནི་ད་ལོ་དགུང་ལོ་སུམ་ཅུ་སོ་གྲངས་ནང་ཡོད་འདུག་ལ། རིག་ཚེ་དང་ལགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མེད་ན་ཡང་། ཁོང་གཉིས་ཀ་བ་རོང་དགོན་པའི་དགེ་འདུན་པ་ཡིན་པ་དང་། དགེ་འདུན་པ་གཉིས་ནས་དེ་སྔ་རྒྱ་ནག་གཞུང་གི་དྲིལ་བསྒྲགས་རིགས་ལ་མི་འདོད་པའི་བསམ་ཚུལ་བཤད་པའི་གནས་ཚུལ་གོ་ཐོས་ཡོད་པ་དང་། བ་རོང་དགོན་ནི་རྫ་ཆུ་ཁ་རྫ་སེར་ཤུལ་རྫོང་གི་མངའ་ཁོངས་སུ་ཡོད་པ་དང་། དགོན་པ་དེར་གྲྭ་པ་༢༥༠་ཙམ་ཡོད་པའི་དགེ་ལུགས་པའི་དགོན་པ་ཞིག་ཡིན་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།