བསྟན་འཛིན་ཆོས་དབྱིངས་ལགས་ལྡི་ལི་སྨན་ཁང་ནས་འདས་གྲོངས་སུ་ཕྱིན་འདུག
2017.07.22
བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་བསྟན་འཛིན་ཆོས་དབྱིངས་ལགས་ལྡི་ལི་ནས་སྐུ་གྲོངས་ཟིན་འདུག
དེ་ཡང་ཕྱི་ཟླ་ ༧ ་ཚེས་ ༡༤ ་ཉིན་རང་ལུས་མེར་བསྲེགས་གནང་མཁན་ཝ་ན་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གི་སློབ་མ་བསྟན་འཛིན་ཆོས་དབྱིངས་ལགས་འདི་ཚེས་ ༢༢ ་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སཕྷ་དྷར་ཇང་སྨན་ཁང་ནང་དགོང་དྲོའི་ཚོུད་ ༤ དང་སྐར་མ་ ༤༥ ་ཙམ་ལ་འདས་གྲོངས་སུ་གྱུར་འདུག
ཁོང་ཝ་ར་ན་སིའི་སྨན་ཁང་ཞིག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ (Safdar Jang) ཞེས་པའི་སྨན་ཁང་ཆེ་གྲས་ཤིག་གི་ནང་ཛ་དྲག་སྨན་བཅོས་ཆེད་ཕྱི་ཚེས་ ༢༠ ཉིན་སྐྱེལ་འདྲེན་བྱས་ཡོད་ཅིང་། རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ནས་ཡིན་པ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་ཨ་མ་ལགས་ཀྱང་ལྡི་ལིར་ཆེད་ཕེབས་ཡོད་ཅིང་། ཁོང་གིས་བུ་བསྟན་འཛིན་ཆོས་དབྱིངས་ནི་ཀུན་སྤྱོད་བཟང་ཞིང་། སྤྱི་སེམས་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་ཡིན་པ་གསུངས་པ་དང་། རང་ཉིད་ཀྱི་གཅེས་པའི་བུ་ཕྲུག་ཡིན་པའི་ཆ་ནས་ད་ལྟའི་གནས་སྟངས་འདིའི་ཐོག་ནས་བློ་ཕམ་ཡོང་བཞིན་འདུག་ཀྱང་། ཁོང་གིས་ལས་དོན་དེ་བོད་མི་རིགས་ཀྱི་དོན་དུ་དམིགས་པ་ཞིག་ཡིན་སྟབས་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུག
བསྟན་འཛིན་ཆོས་དབྱིངས་ལགས་ནི་ཝ་ན་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གི་དབུ་མ་གོང་མའི་སློབ་ཕྲུག་ཞིག་ཡིན་ཞིང་།ཕྱི་ཟླ་ ༧ ཚེས་ ༡༤ ཉིན་རང་ལུས་ཁོང་གིས་རང་ལུས་མེར་བསྲེགས་མ་བཏང་སྔོན། དབྱིན་ཡིག་ནང་ནུབཛ་(Nubz) མིང་ཅན་ལ་ཤོག་ངོས་གཅིག་ཅན་གྱི་ཁ་ཆེམས་ཡི་གེ་ཞིག་ཀྱང་བྲིས་འདུག་པ་དེའི་ནང་། ངས་ཁྱེད་རང་ངའི་གྲོགས་པོ་ཡག་ཤོས་ཡིན་པ་དེ་ཡང་ལབ་རྒྱུ་མ་བྱུང་ཅེས་དང་། ཁྱེད་རང་མ་ངུ་རོགས། དེ་བཞིན་ངའི་ཕ་མ་གཉིས་ལ་ཡང་མ་ངུ་རོགས་ཞེས་ལབ་རོགས། གལ་ཏེ་ཁོང་ཚོ་ངུས་ན་ངའི་རྣམ་ཤེས་ལ་དཀའ་ངལ་ཡོང་གི་རེད་ཅེས་བཀོད་འདུག་པ་དང་། ད་དུང་ཁ་ཆེམས་ཀྱི་ཡི་གེ་དེའི་ནང་། ངའི་གཟུགས་པོ་འདི་ནི་བོད་ཀྱི་ཆེད་ཡིན། བོད་པའི་གཞོན་སྐྱེས་ཚོས་མིག་ཕྱེ་ནས་བོད་ཀྱི་སྐད་ཡིག་ལ་སྦྱང་བརྩོན་བགྱིས་ཅེས་འབོད་སྐུལ་ཡང་གནང་འདུག
བསྟན་འཛིན་ཆོས་དབྱིངས་ལགས་ནི་ཕྱི་ཕྱོགས་ནས་བོད་མི་རང་ལུས་མེར་བསྲེགས་བཏང་མཁན་དགུ་པ་དེ་ཡིན་པ་དང་། བོད་ཕྱི་ནང་གཉིས་ཀ་ནས་རང་ལུས་མེར་བསྲེགས་གནང་མཁན་ ༡༥༩ པ་དེ་ཡིན་པ་རེད།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།