རྒྱ་གར་དང་པ་ཀི་སི་ཐན་ཡུལ་གཉིས་ཀས་དམག་འཐབ་གྲ་སྒྲིག
2008.12.26
༄༅༎ཉེ་དུས་རྒྱ་གར་གྱི་ཚོང་དོན་ལྟེ་གནས་གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་བཏང་བའི་རྗེས་རྒྱ་གར་དང་པ་ཀི་སི་ཐན་དབར་ལ་ཡང་ཕན་ཚུན་དྲག་པོའི་དམག་འཐབ་ཡོང་སྲིད་པར་ཕྱོགས་གཉིས་ཀས་གྲ་སྒྲིག་བྱེད་བཞིན་པ་ལྟར་ད་རེས་གཟའ་པ་སངས་ཉིན་པ་ཀི་སི་ཐན་གཞུང་གིས་དམག་ཁོངས་ཀྱི་དམག་མི་རྣམས་གུང་སེང་སོགས་ལ་བསྐྱོད་རྒྱུ་ཕྱིར་འཐེན་བྱས་པའི་སྐོར་པ་ཀི་སི་ཐན་གྱི་དཔོན་རིགས་ནས་འགྲེལ་བརྗོད་བྱས་ཡོད་པ་རེད། པ་ཀི་སི་ཐན་གྱི་མིང་དོན་གནང་འདོད་མེད་པའི་དཔོན་རིགས་ཤིག་གིས་བརྗོད་པར་གཞིགས་ན་པ་ཀི་སི་ཐན་གྱི་དམག་དཔུང་ཛ་དྲག་གི་གྲ་སྒྲིག་འོག་གནས་མུས་ཡིན་པ་དང་ཡིན་ནའང་ད་ལྟའི་ཆར་པ་ཀི་སི་ཐན་གྱི་ཕྱོགས་ནས་རྒྱ་གར་དང་པ་ཀི་སི་ཐན་གྱི་ས་མཚམས་ཁུལ་དུ་དམག་དཔུང་ཁ་སྣོན་གཏོང་ཡས་ཀྱི་ལས་དོན་གང་ཡང་སྤེལ་མེད་ལུགས་བརྗོད་ཡོད་འདུག པ་ཀི་སི་ཐན་གྱིས་དམག་མི་དམག་དཔུང་ནས་གུང་སེང་སོགས་ལ་བསྐྱོད་རྒྱུ་ཕྱིར་འཐེན་བྱས་ནས་དམག་འཐབ་གྲ་སྒྲིག་བྱེད་བཞིན་པའི་གནས་སྟངས་སྐོར་རྒྱ་གར་ཕྱོགས་ནས་རྒྱ་གར་དམག་དཔུང་ཡང་གྲ་སྒྲིག་ཨང་སར་ཡོད་པའི་ལན་འདེབས་བྱས་ཡོད་ཅིང་རྒྱ་གར་སྲུང་སྐྱོབས་ལས་ཁང་གི་མགྲིན་ཚབ་པས་གསུང་ན་རྒྱ་ནག་གཞུང་གིས་དམག་མི་གུང་སེང་སོགས་ལ་བསྐྱོད་རྒྱུར་བཀག་སྡོམ་གང་ཡང་མེད་པ་རྒྱུན་ལྡན་ཞིག་ཡིན་པ་དང་ཡིན་ནའང་རྒྱ་གར་གྱིས་དམག་འཐབ་སོགས་ལ་གདོང་ལེན་བྱ་རྒྱུར་དམག་ཁོངས་སུ་དམག་མི་ག་དུས་ཡིན་ནའི་འདེངས་ངེས་ཡོད་པ་ལན་འདེབས་གནང་འདུག མུམ་སྦའེ་གྲོང་ཁྱེར་དུ་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་བཏང་བའི་རྗེས་རྒྱ་གར་དང་པ་ཀི་སི་ཐན་དབར་གྱི་འབྲེལ་ལམ་ཛ་དྲག་ཏུ་ཕྱིན་ཡོད་པར་བརྟེན་ཕྱོགས་གཉིས་ནས་ཡུལ་གྲུ་གཉིས་པོས་དྲག་པོའི་སྟོབས་ཤུགས་ཀྱི་གོམ་སྟོབས་མཐོ་རུ་བཏང་བ་དང་འབྲེལ་ཕྱོགས་གཞན་ཞིག་ནས་ཡུལ་གཉིས་ཀྱི་དཔོན་རིགས་རྣམ་གྱིས་ཟབ་ནན་གྱི་ཐོག་ནས་རང་རྒྱལ་ཁབ་ཀྱི་མཚན་སྙན་དང་གཟི་བརྗིད་སོགས་ལ་མི་གནོད་པའི་འོག་ཕྱོགས་གཉིས་དབར་དྲག་པོའི་ཐབས་ལམ་བརྒྱུད་མི་དགོས་པར་གྲོས་མོལ་གྱི་རྣམ་པའི་ཐོག་ནས་དཀའ་གནད་སེལ་ཐབས་འབད་བརྩོན་གནང་བཞིན་ཡོད་པ་རེད།