རྒྱ་ནག་ཀོང་ཏུང་དུ་མང་ཚོགས་ཀྱིས་མུ་མཐུད་ངོ་རྒོལ།

རྒྱ་ནག་གི་ཀོང་ཏུང་ཞིང་ཆེན་གྱི་ལྦུའུ་ཁན་གྲོང་གསེབ་ཀྱི་ནང་མང་ཚོགས་ནས་ས་ཁུལ་འགྲོ་ལམ་སོགས་བཀག་སྟེ་མུ་མཐུད་ངོ་རྒོལ་བྱེད་བཞིན་པ།

༄༅༎རྒྱ་ནག་གི་ཀོང་ཏུང་ཞིང་ཆེན་གྱི་ལྦུའུ་ཁན་གྲོང་གསེབ་ཀྱི་ནང་མང་ཚོགས་ཀྱིས་རྒྱ་ནག་གཞུང་གི་ས་གནས་དཔོན་རིགས་ལ་ངོ་རྒོལ་གྱི་ལས་འགུལ་འདི་ཞི་འཇམ་མ་ཐུབ་པར་ མང་ཚོགས་ནས་ས་ཁུལ་འགྲོ་ལམ་སོགས་བཀག་སྟེ་མུ་མཐུད་ངོ་རྒོལ་བྱེད་བཞིན་ཡོད་འདུག་
ངོ་རྒོལ་གྱི་དོན་རྐྱེན་འདི་ས་གནས་གཞུང་གིས་གྲོང་གསེབ་ཀྱི་ས་ཞིང་བཙན་འཁྲོག་བྱས་པའི་དོན་རྐྱེན་ནས་བྱུང་ཡོད་པ་དང་ གྲོང་གསེབ་མང་ཚོགས་ནས་ས་ཞིང་བཙན་འཕྲོག་གི་གནད་དོན་ལ་བདེ་སྡུག་ཞུ་སྐབས་ ས་གནས་དཔོན་རིགས་ཀྱིས་མང་ཚོགས་འཐུས་མི་ཁག་ཅིག་འཛིན་བཟུང་བཀག་གཉར་བྱས་ཡོད་པ་དང་ བཀག་གཉར་བྱས་པའི་གྲོང་གསེབ་པའི་འཐུས་མི་ཤུའེ་ཅིན་བའོ་ཟེར་བ་རྗེས་སུ་ དོ་དམ་འོག་འདས་གྲོངས་ཕྱིན་ཡོད་པར་ གྲོང་གསེབ་མང་ཚོགས་ཀྱིས་ཁོང་རང་བཞིན་རྐྱེན་འདས་ཕྱིན་མེད་པ་དང་ ཁོང་གི་སྐུ་ཕུང་རྩིས་སྤྲོད་དགོས་པའི་སྐད་འབོད་ཀྱི་ངོ་རྒོལ་ཤུགས་ཆེ་ཞིག་ཐོན་ཡོད་པ་རེད་
གཞུང་གིས་རྐྱེན་འདས་སུ་སོང་བའི་གྲོང་གསེབཔ་་མི་འདིའི་སྐུ་ཕུང་རྩིས་སྤྲོད་ཐུབ་ཀྱི་མེད་ཅིང་ ཡིན་ནའི་གཞུང་གི་དཔོན་རིགས་ཀྱིས་ ཁ་ས་གྲོང་གསེབ་པའི་ས་ཞིང་བཙན་བཟུང་བྱ་རྒྱུ་མཚམས་འཇོག་བྱ་རྒྱུཡིན་ལ་ མང་ཚོགས་ཀྱི་ངོ་རྒོལ་བརྒྱུད་སྐུལ་བྱེད་མཁན་ཚོ་ཡང་འཛིན་བཟུང་གིས་ཉེས་ཆད་གཏོང་རྒྱུའི་གསལ་བསྒྲགས་བྱས་ཀྱང་ངོ་རྒོལ་བཀག་སྡོམ་མ་ཐུབ་པར་གནས་ཡོད་པ་རེད་
རྒྱ་ནག་གཞུང་གིས་ལྦུའུ་ཁན་གྲོང་གསེབ་མང་ཚོགས་ཀྱི་ངོ་རྒོལ་ལས་འགུལ་དང་འབྲེལ་བའི་གནས་ཚུལ་ དྲ་རྒྱ་སོགས་ཀྱི་ནང་ལྟ་ཀློག་ཐུབ་ས་མེད་པ་བཀག་སྡོམ་བྱེད་བཞིན་ཡོད་པ་དང་ དྲ་རྒྱའི་ཐོག་ལྦུའུ་ཁན་ས་ཁུལ་གྱི་སྐོར་གནས་ཚུལ་འཚོལ་ཞིབ་ཀྱི་སྐབས་སུ་ གཞུང་གི་ཁྲིམས་དང་སྲིད་བྱུས་སོགས་དང་འབྲེལ་གནས་ཚུལ་འདི་ལྟ་ས་མེད་ལུགས་བཀོད་པའི་བརྡ་ལན་གྱི་ཡི་གེ་ཐོན་གྱི་ཡོད་འདུག