མི་མང་སྟོང་ཕྲག་མང་པོས་མ་ཡིང་ཇོ་ལ་ངོ་རྒོལ་གྱི་ཁྲོམ་སྐོར།
2013.01.13
༄༅༎དེ་རིང་ཐེ་དབན་གྱི་རྒྱལ་ས་ཐཡི་པེ་རུ་ཐེ་ཝན་དམངས་གཙོ་ཡར་རྒྱས་ཚོགས་པས་སྣེ་ཁྲིད་པའི་མི་དམངས་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་ཐེ་ཝན་གོ་མིང་ཏང་གི་ཚོགས་པས་སྲིད་དབང་འཛིན་བཞིན་པའི་གཞུང་དེར་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་དང༌། དེ་ནི་ཉེ་བའི་ཆར་གྱི་ལོ་འགའ་ཤས་ནང་དུ་ཐེ་ཝན་དམངས་གཙོ་ཡར་རྒྱས་ཚོགས་པས་སྣེ་ཁྲིད་པའི་མི་དམངས་ཀྱི་ལས་འགུལ་གཞི་རྒྱ་ཆེ་ཤོས་ཤིག་ཡིན་པ་རེད།
དེ་རིང་མི་དམངས་རྣམས་སྲིད་འཛིན་མ་ཡིང་ཇོ་ལ་ཁོང་ཁྲོ་དང་བཅས་ཤུགས་དྲག་ཆེན་པོས་སྐད་འབོད་རྒྱག་བཞིན་རྒྱལ་ས་ཐཡི་པེའི་ནང་ཞི་བའི་གོམ་བགྲོས་བྱས་ཡོད་ཅིང༌། ཁོང་ཚོས་འཁྱེར་བའི་ངོ་རྒོལ་ཡིག་ཆེན་དང་ཕྲེད་དར་ཐོག་སྲིད་འཛིན་མ་ཡིང་ཇོ་ལ་ངོ་རྒོལ་གྱི་བརྗོད་ཚིག་འདྲ་མིན་བཀོད་ཡོད་པ་ནི། སྲིད་འཛིན་ལ་དམའ་འབེབས་བྱས་པ་དང༌། བློན་ཆེན་འཕོ་བསྒྱུར་གཏོང་དགོས་པ་སོགས་བྲིས་ཡོད་པ་རེད། འོན་ཀྱང་ངོ་རྒོལ་བྱེད་མཁན་མི་དམངས་རྣམས་རྒྱལ་ས་ཐཡི་པེ་ཡི་དབུས་བརྒྱུད་དེ་གོམ་བགྲོས་བྱས་ཏེ། སྲིད་འཛིན་ལས་ཁུངས་ཀྱི་མདུན་ཐང་དུ་འདུ་འཛོམས་བྱས་པའི་རྗེས། གློག་གི་ར་སྐོར་དང༌ཉེན་རྟོགས་པས་མཐའ་སྐོར་ཏེ་བལྟ་རྟོགས་བྱས་ཡོད་པ་ལས་ཕྱོགས་གཉིས་དབར་ལ་གདོང་ཐུག་བྱུང་མེད་པ་རེད། ད་རེས་ཐེ་དབན་དམངས་གཙོ་ཡར་རྒྱས་ཚོགས་པའི་མི་དམངས་ཀྱི་ལས་འགུལ་དེ་ནི། སྲིད་འཛིན་མ་ཡིང་ཇོ་ཡི་གཞུང་གིས། ཐེ་དབན་གྱི་དཔལ་འབྱོར་ཉམས་རྒུད་ཕྱིན་པ་ཡར་རྒྱས་བཏང་མ་ཐུབ་པར་ད་ཆ་མི་དམངས་རྣམས་བཟོད་ཐབས་བྲལ་ཏེ་ཐེ་ཝན་གྱི་བློན་ཆེན་ལྷན་ཁང་ངེས་པར་འཕོ་བསྒྱུར་གཏོང་དགོས་པའི་དགོས་འདུན་བཏོན་པ་ཞིག་ཡིན་པ་དང་། ཐེ་ཝན་དམངས་གཙོ་ཡར་རྒྱས་ཚོགས་པས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་བྱེད་པའི་སྐབས་ནས་མི་དམངས་འབུམ་གཅིག་ལྷག་འདུ་འཛོམས་ཡོང་རྒྱུའི་སྔོན་དཔགས་བྱས་པ་ལྟར་ད་རིང་ལས་འགུལ་དངོས་སུ་སྤེལ་བའི་སྐབས། མི་དམངས་ཆིག་འབུམ་ལྔ་ཁྲི་འདུ་འཛོམས་བྱུང་བའི་སྐོར་གསུང་ཡོད་ཀྱང༌། ཉེན་རྟོག་ལས་ཁང་གིས་མི་དམངས་ཇི་ཙམ་འདུ་འཛོམས་བྱུང་ཡོད་མེད་ཀྱི་གྲངས་ཀའི་བསྡོམ་རྩིས་ད་ལྟ་བཏོན་མེད་པ་རེད།།