༄༅༎རྡ་ས་བོད་ཕྲུག་ཁྱིམ་སྡེའི་ནང་གོ་སྒྲིག་ཞུ་བཞིན་པའི་དབྱར་ཚོགས་ནང་བྱང་ཨ་རི་ཁུལ་ནས་བོད་རིགས་ཕ་མ་དང་སློབ་ཕྲུག་ཚོས་དོ་སྣང་ཆེན་པོས་མཉམ་ཞུགས་གནང་མཁན་ཇེ་མང་འགྲོ་ཡི་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་བཙན་བྱོལ་བོད་གཞུང་གིས་དྲ་གནས་ཐོག་གནས་ཚུལ་བཀོད་པར་གཞིགས་ན་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་རྡ་ས་བོད་ཕྲུག་ཁྱིམ་སྡེ་སློབ་གྲྭ་ནས་ནུབ་ཕྱོགས་ཡུལ་ཁག་གི་བོད་རིགས་ན་གཞོན་སློབ་ཕྲུག་རྣམས་ཀྱི་ཆེད་དུ་དམིགས་ཏེ་བོད་ཀྱི་རིག་གཞུང་དང་སྐད་ཡིག།ནང་ཆོས།དེ་བཞིན་ལོ་རྒྱུས་སོགས་སྦྱོང་བརྡར་སློབ་འཁྲིད་སླད་དབྱར་དུས་གུང་སེང་དང་སྟབས་བསྟུན་དུས་ཡུན་བདུན་ཕྲག་དྲུག་རིང་དབྱར་ཚོགས་གནང་རྒྱུ་ཡིན་པ་དང་དབྱར་ཚོགས་དེ་ཚེས་གསུམ་ཉིན་འགོ་འཛུགས་གནང་གི་ཡོད་པ་རེད། སྔར་ལོ་དབྱར་ཚོགས་ཐེངས་གསུམ་པའི་སྐབས་བྱང་ཨ་རི་ཁུལ་ནས་སློབ་ཕྲུག་ཉི་ཤུ་རྩ་བཞི་ལས་མཉམ་ཞུགས་བྱུང་མེད་ཀྱང་ཐེངས་འདིའི་དབྱར་ཚོགས་ནང་བཙན་བྱོལ་བོད་གཞུང་གི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁང་བརྒྱུད་བྱང་ཨ་རི་ཁུལ་ནས་ལོ་ན་བཅུ་ནས་བཅུ་དགུ་བར་གྱི་བོད་རིགས་སློབ་ཕྲུག་ཕོ་མོ་གྲངས་ལྔ་བཅུ་སྐོར་ཞིག་དེབ་སྐྱེལ་མཉམ་ཞུགས་གནང་གི་ཡོད་པ་རེད། དེའི་ཁར་དབྱར་ཚོགས་གོ་སྒྲིག་འགན་འཁུར་བཞེས་མཁན་རྡ་ས་བོད་ཕྲུག་ཁྱིམ་སྡེའི་དྲུང་ཆེ་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས་གསུངས་ན་འདི་ལོའི་དབྱར་ཚོགས་ནང་ཡུ་རོབ་ཡུལ་ཁག་ནས་ཀྱང་བོད་རིགས་ན་གཞོན་སློབ་ཕྲུག་བཅོ་ལྔ་ཙམ་མཉམ་ཞུགས་གནང་གི་ཡོད་པ་རེད། དུས་ཡུན་བདུན་ཕྲག་དྲུག་གི་རིང་རིག་གཞུང་སློབ་འཕྲིད་ཀྱི་དབྱར་ཚོགས་དེའི་སྐབས་ནུབ་ཕྱོགས་ཡུལ་ཁག་གི་ན་གཞོན་སློབ་ཕྲུག་རྣམས་ལ་བདུན་ཕྲག་ལྔའི་རིང་བོད་ཀྱི་རིག་གཞུང་དང་སྐད་ཡིག་ནང་ཆོས་ཀྱི་ལྟ་གྲུབ།བོད་ཀྱི་ལོ་རྒྱུས་དང་ད་ལྟའི་བོད་ཀྱི་གནས་སྟངས་སོགས་ཀྱི་སྐོར་ངོ་སྤྲོད་སྦྱང་བཤད་གནང་རྒྱུ་དང་ཡང་བཙན་བྱོལ་བོད་མིའི་དམངས་གཙོའི་ལམ་སྲོལ་དང་བཙན་བྱོལ་བོད་གཞུང་གི་ལས་དོན་གྲུབ་ཕྱོགས་སྐོར་ངོ་སྤྲོད་དང་མཁྱེན་རྟོགས་ཆེད་བཙན་བྱོལ་བོད་གཞུང་གི་མ་ལག་ལས་ཁུངས་བཅས་པར་སྐོར་བསྐྱོད་གནང་རྒྱུ་སོགས་ལས་རིམ་བཀོད་སྒྲིག་གནང་ཡོད་པ་རེད། དེ་དང་ཆབས་ཅིག་དབྱར་ཚོགས་ཀྱི་ལས་རིམ་ནང་སློབ་ཕྲུག་རྣམས་ལ་བོད་ཀྱི་སྲོལ་རྒྱུན་དང་དམངས་ཁྲོད་ཀྱི་རིག་གཞུང་མཁྱེན་རྟོགས་ཆེད་དུས་ཆེན་ཆེ་ཁག་སྲུང་བརྩི་ཞུ་སྟངས་དང་ཟློས་སྒར་དང་རོལ་ཆ་སྦྱོང་བརྡར་གནང་རྒྱུ་གོ་སྐབས་ཡང་གོ་སྒྲིག་ཞུ་ཡི་ཡོད་འདུག
བདུན་ཕྲག་ལྔའི་རིང་གི་དངོས་གཞིའི་དབྱར་ཚོགས་མཇུག་སྒྲིལ་མཚམས་མཐའ་མ་བདུན་ཕྲག་དྲུག་པའི་ནང་དབྱར་ཚོགས་ནང་མཉམ་ཞུགས་གནང་པའི་སློབ་ཕྲུག་རྣམས་གུ་རུ་རིན་པོ་ཆེ་གནས་ས་གནས་ཆེན་མཚོ་པད་མར་གནས་མཇལ་དུ་སྐོར་བསྐྱོད་གནང་རྒྱུ་བཅས་ལས་རིམ་གཏན་འབེབས་གནང་ཡོད་པ་རེད༎