སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་གནས་སྟངས་ཐད་བློ་འཚབ་།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁོང་མྱུར་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུག
- 2021-04-17
-
-
-
༄༅།།བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་གནས་སྟངས་ཐད་བློ་འཚབ་གསལ་བཏོན་དང་འབྲེལ་རྒྱ་ནག་གཞུང་གིས་ཁོང་མྱུར་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུག
དེ་ཡང་རྒྱ་གར་རྡ་རམ་ས་ལར་བརྟེན་གཞི་གནང་བའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས།རྒྱ་ནག་གཞུང་གིས་སྒོ་ཤེས་རབ་རྒྱ་མཚོ་ལགས་མྱུར་དུ་གློད་འགྲོལ་གཏོང་དགོས་པ་དང་།ནང་མི་དང་ཐུག་འཕྲད་བྱེད་དུ་འཇུག་དགོས་པ། ཁྲིམས་ཀྱི་སྲུང་སྐྱོབ་ཀྱི་ཐོབ་ཐང་ངེས་པར་དུ་སྤྲོད་དགོས་པ།རྒྱ་གཞུང་གིས་བོད་མི་ཚོ་གསང་བའི་ཐོག་ནས་ས་གནས་ཁག་ཏུ་བཀག་ཉར་བྱས་པ་མ་ཟད།མནར་གཅོད་ཚད་མེད་བཏང་ནས་བཙན་དབང་གིས་བསྙོན་འཛུགས་འདྲ་མིན་ཁས་ལེན་བྱེད་དུ་འཇུག་གིན་ཡོད་པར་བརྟེན་ནས།ཁོང་གི་བདེ་ཐང་གི་གནས་སྟངས་ཐད་ལ་བློ་འཚབ་ཆེན་པོ་ཡོད་པའི་སྐོར་གསུངས་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཁོང་བཀག་ཉར་བྱས་པའི་རྒྱུ་མཚན་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་ནའང་། ཁོང་གི་ནང་མི་དང་གྲོགས་ཉེ་འབྲེལ་ཚོས། ཁོང་གིས་བརྩམས་པའི་བོད་ཀྱི་ཆོས་ལུགས་རིག་གནས་དང་སྐད་ཡིག་སློབ་གསོའི་སྐོར་གྱི་གཏམ་བརྗོད་ཁག་དང་འབྲེལ་བ་ཡོད་མེད་ཐད་ལ་སེམས་ཁྲལ་བྱེད་དགོས་པའི་གནས་སྟངས་བྱུང་ཡོད་པ་རེད།
ན་ནིང་ཕྱི་ཟླ་༡༠ བའི་ཚེས་༢༦ ཉིན་རྒྱ་ནག་གཞུང་གིས་ཟི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནས་སྒོ་ཤེས་རབ་རྒྱ་མཚོ་ལགས་འཛིན་བཟུང་བྱས་པ་དེ་ནི་ལོ་ངོ་བཅུ་ཕྲག་གཉིས་ནང་ཁོང་འཛིན་བཟུང་བཀག་ཉར་བྱས་པ་ཐེངས་བཞི་པ་དེ་ཡིན་ཞིང་། ཉིན་དེར་ཁོང་ཁྲིན་ཏུའུ་གྲོང་ཁྱེར་དུ་ནད་པ་ཞིག་ལྟ་བར་བསྐྱོད་སྐབས། བོད་ལྗོངས་ཀྱི་རྒྱ་ནག་གསང་བའི་མི་སྣ་ཟེར་བས་བཙན་ཁྲིད་བྱས་འདུག
སྐབས་དེར་རྒྱ་ནག་གཞུང་གིས་།་ནང་མི་ཚོར་ཁོང་འཛིན་བཟུང་བཀག་ཉར་བྱས་པའི་གནས་ཚུལ་གླེང་སློང་མི་ཆོག་པ་དང་། གལ་ཏེ་གླེང་བ་ཡིན་ཚེ་ཁྲིམས་འགལ་ཉེས་གསག་གི་ཉེས་ཆད་གཅོད་རྒྱུ་ཡིན་ལུགས་ཀྱི་ཉེན་བརྡ་བཏང་ཡོད་པ་རེད་འདུག
ཁོང་ནི་ཕྱི་ལོ་༡༩༩༨ ནས་༢༠༠༨ བར་སྔ་རྗེས་ཐེངས་འགར་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཤིང་། དཔེར་ན་ཕྱི་ལོ་༡༩༩༨ ལོར་ཁོང་སྔ་རྗེས་ཐེངས་གཉིས་བཀག་ཉར་བྱས་པ་ནས།་ཐེངས་དང་པོའི་སྐབས་།་དགའ་ལྡན་ལྔ་མཆོད་སྐབས་ཀིརྟི་དགོན་པའི་འདུ་ཁང་གི་མདུན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ། ཀིརྟི་རིན་པོ་ཆེ་རྣམ་པ་གསུམ་གྱི་སྐུ་པར་བཤམས་ནས་མཐའ་བཞི་གློག་འོད་ཀྱི་མཆོད་པ་ཕུལ་བའི་རྗེས་།རྔ་བ་རྫོང་ཉེན་རྟོག་པས་༧གོང་ས་མཆོག་གི་སྐུ་པར་འཕབ་དགོས་པ་བཤད་ཀྱང་སྐུ་པར་མར་ལེན་མི་ཐུབ་པའི་རྒྱུ་མཚན་གནས་ལུགས་བཤད་པའི་རྐྱེན་གྱིས་འཛིན་བཟུང་བྱས་ཡོད་པ་དང།་ཐེངས་གཉིས་པར་ཁོང་ལ་མི་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཏང་སྟེ།ཁྲིན་ཏུའུ་གྲོང་ཁྱེར་ཉེ་འཁྲིས་ཀྱི་Mianyang བཙོན་ཁང་དུ་བཅུག་ཡོད་པ་རེད་འདུག