བཞུགས་སྒར་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གོ་རྟོགས་སྤེལ་ཆེད་རྒྱང་རྒྱུག་འགྲན་བསྡུར་ཞིག་གོ་སྒྲིག་བྱས་པ།
ཟླ་ ༡༢ ཚེས ༡༠ ཉིན་མོ་དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩིའི་དུས་ཚེས་དང་ཁེལ་གྱི་ཡོད་པ་བཞིན། བཞུགས་སྒར་རྡ་རམ་ས་ལའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གསུམ་མཐུན་མོང་ནས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་། ལྷག་པར་དུ་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད། བཞུགས་སྒར་དྷ་སའི་ཁྲོམ་གཞུང་ནས་དྷ་སྟེང་བོད་ཁྱིམ་གྱི་མཚེའུ་འགྲམ་བརྒྱུད་ནས་རྒྱང་རྒྱུག་འགྲན་བསྡུར་ཞིག་གོ་སྒྲིག་བྱས་སོང་ལ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ནས། བོད་ནང་དུ་ཡོད་པའི་བོད་མི་རྣམས་དང་ལྷག་པར་དུ་རྒྱ་གཞུང་གི་བཙན་འོག་ཏུ་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་ལ་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་དགོས་རྒྱུ་ནི་ཤིན་ཏུ་གལ་གནས་ཆེན་པོ་ཡིན་པ་སོགས་མཚོན་སླད་དུ་རྒྱང་རྒྱུག་ཞིག་གོ་སྒྲིག་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན། རྒྱང་རྒྱུག་འགྲན་བསྡུར་དེ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་། བོད་ཀྱི་བུད་མེད་ལྷན་ཚོགས། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གསུམ་ཐུན་མོང་ནས་གོ་སྒྲིག་གནང་ཡོད་པ་དང་།ཚོགས་པ་གསུམ་གྱི་ཐུན་མོང་བསྒྲགས་གཏམ་སྒྲོག་སྦྱང་གནང་སྐབས། དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན། རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་སོགས་རྡོག་རོལ་བགཏོང་བཞིན་ཡོད་པས། ཚོགས་པ་གསུམ་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས། རྒྱ་ནག་གཞུང་གིས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད། ལྟ་ཞིབ་ཚོགས་པ་ཞིག་ཆེད་གཏོང་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་པ་སོགས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ནས་བརྗོད་སོང་།
འདི་ལོ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ། མི་ལོ་ ༧༦ འཁོར་ཡོད་པ་དང་། ཐེངས་འདིའི་རྒྱང་རྒྱུག་འགྲན་བསྡུར་དེ་བཞིན་མེག་ལོར་ཁྲོམ་དཀྱིལ་ནས་རྡ་སྟེང་བོད་ཁྱིམ་གྱི་ཉེ་ཁྲིས་སུ་ཆགས་པའི་མཚེའུ་ (DAL LAKE) བར་ཡིན་པ་དང་། རྒྱང་རྒྱུག་དེའི་ནང་ཁྱོན་མི་གྲངས་ ༥༦ ལྷག་ནས་མཉམ་ཞུགས་གནང་ཡོད་པ་རེད་འདུག གཞན་ཡང་དེ་རིང་གི་ཉིན་མོ་དེ་བཞིན་ཟླ་ ༡༢ ཚེས་ ༡༠ ཉིན་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས། མི་ལོ་ ༣༥ འཁོར་བའི་དུས་བཟང་དེར་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་མི་རྣམས་དང་། བཞུགས་སྒར་རྡ་རམ་ས་ལར་ས་གནས་ཀྱི་ཡུལ་མི་དང་། ཧི་མ་ལ་ཡིའི་རི་རྒྱུད་ཀྱི་མི་རིགས་སོགས་དད་ལྡན་པ་མང་དག་ཞིག་ནས་བོད་མི་རྣམས་དང་ལྷན་དུ། མགོན་པོ་མཆོག་ལ་ནོ་སྤེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་དུས་བཟང་དེར། དགའ་དགའ་སྤྲོ་སྤྲོའི་ངང་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།