བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སྙན་ཐོ་བཏོན་ནས་རྒྱལ་ཚོགས་ལ་དཔྱད་གཞིར་ཕུལ་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་བྱེད་རྒྱུའི་དུས་ཚོད་སླེབས་ལ་ཉེ་བར་བརྟེན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དཔྱད་གཞིའི་སྙན་ཐོ་བཏོན་འདུག
- 2023-08-02
-
-
-
Your browser doesn’t support HTML5 audio
དེ་ཡང་ཕྱི་ལོ་༢༠༢༤་ལོའི་ཕྱི་ཟླ་དང་པོའི་ནང་། རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས་ཁག་ལག་བསྟར་ཇི་ཙམ་བྱས་མིན་ཐད་དུས་བཀག་བསྐྱར་ཞིབ་(Universal Periodic Review)་ཐེངས་བཞི་པའི་དུས་ཚོད་སླེབས་ལ་ཉེ་བ་དང་། བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་བའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་འབྲེལ་བའི་དཔྱད་གཞིའི་སྙན་ཐོ་བཏོན་ནས་ཕུལ་ཡོད་འདུག
སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་བྱས་དང་བྱེད་མུས་ཡིན་པའི་གནས་ཚུལ་དང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ། བོད་ནང་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་མེད་པ། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་དང་། བཀག་སྐྱིལ་ཁང་ཁག་ནང་ཚུད་པའོ་བཙོན་པ་རྣམས་ལ་མནར་གཅོད་དྲག་པོ་གཏོང་བཞིན་ཡོད་པ། དྲང་བདེན་གྱི་སྒོ་ནས་ཁྲིམས་བཤེར་བྱེད་པའི་ཐོབ་ཐང་མེད་པ་སོགས་ཀྱི་གནད་དོན་ཁག་གསལ་འདོན་གནང་འདུག
ཡང་སྙན་ཐོ་དང་མཉམ་རེ་སྐུལ་དོན་ཚན་༡༡་གནང་འདུག་པའི་ནང་། དང་པོ་བོད་མི་རྣམས་ལ་རང་གི་སྐད་ཡིག་དང་ཤེས་ཡོན། ལོ་རྒྱུས་སོགས་སྲུང་སྐྱོབ་དང་དར་སྤེལ་གཏོང་རྒྱུ་སོགས་རིག་གཞུང་རྒྱུན་འཛིན་གྱི་ཐོབ་ཐང་དང་། ཆོས་དད་རང་དབང་སྤྲོད་དགོས་པ། གཉིས་པ། རྒྱ་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ལ་དམ་དྲག་དང་ལྷ་སྐུ་རྟེན་གསུམ་དང་། ལྷ་ཁང་དང་གྲ་ཤག་གཏོར་བཤིག་གཏོང་བཞིན་པ་ཁག་མཚམས་འཇོག་དགོས་པ། གསུམ་པ་བོད་ནང་འདུ་འཛོམས་ཀྱི་རང་དབང་དང་། སྨྲ་བརྗོད་རང་དབང་སྤྲོད་དགོས་པ། བཞི་པ། བོད་ནང་གི་སློབ་གྲ་ཁག་ནང་བསླབ་བཞིའི་སྐད་ཡིག་དེ་བཞིན་བོད་ཡིག་ཡིན་པའི་ལམ་ལུགས་བསྐྱར་གསོ་དགོས་པ། བོད་ནང་གི་སྒེར་བཙུགས་སློབ་གྲྭ་ཁག་སྒོ་རྒྱག་བཞིན་པའི་བྱ་སྤྱོད་མཚམས་འཇོག་དགོས་པ། ལྔ་པ་བོད་མི་རྣམས་ལ་རང་དབང་ལྡན་པའི་ཁྲིམས་རྩོད་པ་གླ་རྒྱུ་དང་། དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་སྒོ་ནས་ཁྲིམས་བཤེར་གྱི་གོ་སྐབས་སྤྲོད་དགོས་པ་མ་ཟད། བོད་མི་རྣམས་ཀྱི་ཁྲིམས་རྩོད་པ་བྱེད་མཁན་ཚོར་འཇིགས་སྐུལ་གཏོང་རྒྱུ་མཚམས་འཇོག་དགོས་པ། དྲུག་པ། རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་རྒྱ་ནག་གི་ཁྲིམས་ནང་མནར་གཅོད་ཀྱི་གོ་དོན་གསལ་པོ་འཁོད་དགོས་པ་མ་ཟད། མནར་གཅོད་བཏང་བ་བརྒྱུད་ནས་ནག་ཉེས་གང་བཀལ་བ་ཁག་ཁས་ལེན་བྱེད་དུ་འཇུག་རྒྱུའི་གདུག་རྩུབ་ཀྱི་བྱེད་ཕྱོགས་ཁག་འཚམས་འཇོག་དགོས་པ། བདུན་པ་་ཁྲིམས་ཀྱི་སྲུང་སྐྱོབ་ལས་བརྒལ་པའི་བཀག་ཉར་ཁང་ཁག་དང་ངལ་རྩོལ་བསྒྱུར་བཀོད་ཁང་ཁག་གི་རིགས་ཡོངས་རྫོགས་སྒོ་བརྒྱབས་ནས་གང་བྱུང་འཛིན་བཟུང་བཀག་ཉར་བྱ་རྒྱུ་མཚམས་འཇོག་དགོས་པ་སོགས་དང་། མཐའ་དོན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དངོས་སུ་རྒྱུས་ལོན་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྱབ་འགན་འཛིན་ལ་སོགས་པ་བོད་ནང་གཏོང་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་མནར་གཅོད་དང་ཆོས་དད་རང་དབང་གང་བྱུང་འཇུ་བཟུང་སོགས་ཀྱི་གནད་དོན་ཐོག་རྟོགས་ཞིབ་བྱེད་མཁན་ཆེད་ལས་མི་སྣ་རྣམས་དུས་ཚོད་ངེས་མེད་དུ་བོད་ནང་ལྟ་སྐོར་དུ་འགྲོ་བསྐྱོད་ཆོག་པའི་ཆོག་མཆན་སྤྲོད་དགོས་པའི་དགོས་འདུན་ཡང་བཏོན་གནང་འདུག།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།