བོད་ནང་གི་དགེ་རྒན་ཞིག་འཛིན་བཟུང་བྱས་ཡོད་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚལ་སྤེལ་འདུག

བོད་ནང་གི་དགེ་རྒན་ཞིག་གིས་༧གོང་ས་མཆོག་གི་ཞལ་དྲྭ་ལམ་ནས་མཇལ་བར་དགའ་ཚོར་བྱུང་སྐོར་བརྗོད་པར་བརྟེན་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་སྐོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚལ་སྤེལ་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྤེལ་བའི་གནས་ཚུལ། TCHRD

དེ་ཡང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་བའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བོད་ནང་གི་དགེ་རྒན་ཞིག་གིས་སྔ་དྲོའི་སློབ་གྲྭའི་འདུ་འཛོམས་སྐབས། ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་ཅིག་དང་སྤྱི་ཚོགས་དྲ་རྒྱའི་ནང་ལོག་འགྲེལ་དང་༧གོང་ས་མཆོག་ལ་མཚན་ཤས་བཟོ་ཐབས་བྱས་བའི་བརྙན་ཐུང་དེ། རྒྱ་ནག་གི་དྲྭ་ལམ་དུ་ཁྱབ་ཡོད་པ་དང་། དེ་བརྒྱུད་༧གོང་ས་མཆོག་གི་ཞལ་མཇལ་ཐུབ་པ་བྱུང་བར་དགའ་སྤྲོ་བྱུང་སྐོར་བཤད་པའི་རྗེས་དགེ་རྒན་དེ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། སྐབས་དེར་དགེ་རྒན་ཁོང་གིས་སློབ་ཕྲུག་ཚོར། སྤྱིར་ང་ཚོར་༧གོང་ས་མཆོག་དངོས་སུ་མཇལ་བའི་བསོད་ནམས་མེད་ཀྱང་། དྲྭ་རྒྱའི་ཐོག་༧གོང་ས་མཆོག་གི་བརྙན་དེ་ལ་ལོག་འགྲེལ་བྱེད་པའི་དཀྲམ་པ་དང་མཉམ་ང་ཚོས་༧གོང་ས་མཆོག་གི་བརྙན་མཇལ་རྒྱུ་བྱུང་བའི་ཐོག་ནས་བྱིན་རླབས་ཐོབ་པ་དང་། ང་ཚོས་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་༧གོང་ས་མཆོག་དྲྭ་ལམ་ནས་མཇལ་རྒྱུ་བྱུང་བ་ལྟར། ད་ཆ་དངོས་སུ་ཞལ་མཇལ་ཡོང་བའི་སྨོན་ལམ་རྒྱག་དགོས་པའི་སྐོར་གསུངས་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པའི་རེ་བ་དང་དགེ་རྒན་དེའི་བདེ་འཇགས་ཆེད། གནས་ཚུལ་བྱུང་ཡུལ་སློབ་གྲྭ་དང་དགེ་རྒན་གྱི་མིང་སོགས་ཕྱིར་བསྒྲགས་བྱས་མེད་པ་བཀོད་འདུག
སྤྱིར་རྒྱ་ནག་གཞུང་གིས་བོད་ནང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སོགས་བཀག་སྡོམ་བྱས་ཡོད་པ་དང་། ༧གོང་ས་མཆོག་གི་སྐོར་ཕྱོགས་གང་ས་ནས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་ཀྱང་། ཉེ་ཆར་རྒྱལ་སྤྱིའི་གསར་འགྱུར་དང་སྤྱི་ཚོགས་དྲྭ་ལམ་དུ་ཁྱབ་པའི་༧གོང་ས་མཆོག་གི་མཛད་འཕྲིན་ལ་ལོག་འགྲེལ་གྱི་བརྙན་ཐུང་དེ། རྒྱ་ནག་ནང་རྒྱུགས་ཆེ་བའི་སྤྱི་ཚོགས་དྲྭ་ལམ་(Weibo)་སོགས་སྤྱི་ཚོགས་དྲྭ་ལམ་དུ་ཁྱབ་སྤེལ་ཤུགས་ཆེ་བྱས་ནས། རྒྱ་ནག་གི་དྲྭ་རྒྱ་ལྟ་ཀློག་བྱེད་མཁན་ཚོར་༧གོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུའི་གོ་སྐབས་སྤྲད་ཡོད་པའི་སྐོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསུངས་འདུག
འོན་ཀྱང་དྲ་རྒྱ་བལྟ་ཀློག་བྱེད་མཁན་ཞིག་གིས། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་པར་བཀག་བསྡོམས་བྱེད་བཞིན་ཡོད་ཀྱང་། ཉེ་ཆར་བརྙན་དེ་བརྒྱུད་བོད་ནང་གི་བོད་མི་ཚོས་ལོ་ངོ་མང་པོའི་རྗེས་ལ་༧གོང་ས་མཆོག་གི་བརྙན་མཇལ་རྒྱུའི་གོ་སྐབས་བྱུང་བའི་སྐོར་བྲིས་ཡོད་པ་རེད་འདུག


གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org