འདས་ལོ་ནི་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཛ་དྲག་གི་ལོ་ཞིག་ཆགས་པ་སྙན་ཐོ་བཏོན་འདུག

2023.03.28
འདས་ལོ་ནི་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཛ་དྲག་གི་ལོ་ཞིག་ཆགས་པ་སྙན་ཐོ་བཏོན་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ལོ་འཁོར་སྙན་ཐོ་བཏོན་སྐབས། ༠༣།༢༨།༢༠༢༣
RFA / Dhasa

བཞུགས་སྒར་དུ་རྟེན་གཞི་བྱས་བའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་ཕྱི་ལོ་༢༠༢༢ལོའི་ལོ་འཁོར་སྙན་ཐོ་དེ། སྤྱི་ཟླ་༣པའི་ཚེས་༢༨ཉིན་བཏོན་ཡོད་ཅིང་། སྙན་ཐོ་དེ་ལ་ལྟེ་གནས་ཁང་གིས་ཆོད་སྡོམ་གྱི་ཚུལ་དུ། འདས་ལོ་༢༠༢༢ལོ་ནི་ཉེ་དུས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཛ་དྲག་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཆགས་པ་གསལ་བཏོན་གྱིས་འཁོད་ཡོད་པ་མ་ཟད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ངག་དབང་ལུང་རྟོགས་ལགས་ནས་སྙན་ཐོའི་སྙིང་དོན་ངོ་སྤྲོད་ཀྱི་ནང་། རྒྱ་ནག་གཞུང་གིས་འདས་ལོའི་ནང་ཏོག་དབྱིབས་རིམས་ནད་གཙང་སེལ་ཟེར་བའི་སྐབས་དམ་དྲག་སྒོ་རྒྱ་ཤུགས་ཆེ་བསྡམས་པ་དང་། བོད་མིའི་ཐོག་ལྟ་རྟོག་དང་བོད་མི་གང་བྱུང་འཛིན་བཟུང་བྱས་པ། རྒྱལ་མཚམས་བརྒལ་བའི་གཉའ་གནོན་དང་སྒེར་གྱི་ཐོབ་ཐང་རྡོག་རོལ། ཆོས་དད་རང་མོས་རྡོག་རོལ་དང་སྐད་ཡིག་གི་ཐོབ་ཐང་འཕྲོག་པ། ཤེས་ལྡན་མི་སྣ་འབུར་འཇོམས་དང་དྲ་རྒྱ་ལ་བཀག་སྡོམ་སོགས་ཤུགས་ཆེ་བྱས་པར་བརྟེན། རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་ཡོད་པ་མ་ཟད། ད་ཆ་བོད་ནང་བོད་མི་ས་ཡ་གསུམ་དང་འབུམ་ལྔ་ལྷག་གི་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་ལེན་སོགས་བྱས་ཡོད་པ་དེ། འགྲོ་བ་མིའི་ཐོབ་ཐང་དང་འགལ་བའི་ཛ་དྲག་གནས་ཚུལ་ཆགས་ཡོད་པ་འགྲེལ་བརྗོད་གནང་སོང་།
གཞན་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་ནས། ཉེ་བའི་ཆར་དོ་སྣང་དང་སེམས་འཚབ་ཆེན་པོ་བྱ་དགོས་པའི་གནད་དོན་ཞིག་ནི། རྒྱ་ནག་གཞུང་གིས་བོད་ནང་ཕྲུ་གུ་ལོ་ཆུང་ཚོའི་སློབ་གྲྭ་ཆུང་ཆུང་ནས་མགོ་བཙུགས་ཏེ་མི་རིགས་རྩ་བརླག་གཏོང་བའི་སྲིད་ཇུས་ཤིག་ལག་བསྟར་བྱེད་བཞིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ཁོང་ཚོའི་སྙན་ཐོའི་ནང་དུ། རྒྱ་ནག་གཞུང་གིས་རང་གི་ས་མཚམས་ལས་བརྒལ་ཏེ་རྒྱལ་ཁབ་མང་པོའི་ནང་དངོས་ཤུགས་བརྒྱུད་གསུམ་ནས། རང་དབང་འཐབ་རྩོད་པ་སོགས་ལ་དམ་དྲག་དང་ཁ་འགོག་ཐབས་བྱས་པ་སོགས་ཀྱིས། བཙན་བྱོལ་བོད་མི་མང་དག་ཅིག་གིས་རང་གི་ཕ་མ་དང་ནང་མིར་རྒྱ་གཞུང་གིས་གནོད་སྐྱེལ་བར་དོགས་ཏེ། བོད་མི་གསར་འགོད་པ་དང་རྩོམ་འབྲི་བ་སོགས་ལས་གནས་ནས་འབུད་དགོས་ཁེལ་ཡོད་པའང་འཁོད་ཡོད་པ་ལྟར། ཉམས་ཞིབ་པ་ངག་དབང་ལུང་རྟོགས་ལགས་ནས་རྒྱ་ནག་གཞུང་གིས་དམིགས་བསལ་ཨོ་གླིང་དང་ཧྥ་རན་སི་ལ་བསྡད་ཡོད་པའི་བོད་མི་ཁག་ཅིག་ལ་ཉེན་བརྡ་སྤྲད་ཡོད་པའི་ཁར། རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་བཙན་གནོན་གྱིས་རྒྱལ་སྤྱིའི་ཁྲིམས་ཐོག་གི་མི་སྒེར་གྱི་ཐོབ་ཐང་མང་པོ་རྡོག་རོལ་བཏང་གི་ཡོད་པའང་འགྲེལ་བརྗོད་གནང་གི་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བཏོན་པའི་སྙན་ཐོ་དེར། སྤྱི་ལོ་༢༠༢༢ལོ་ཁོ་ན་ཡིན་མིན་ལ་མ་བལྟོས་པར་ལོ་དེའི་ནང་ཤེས་རྟོགས་བྱུང་བའི་ཁྲོད། བོད་མི་༣༧ཡས་མས་འཛིན་བཟུང་དང་བཙན་ཁྲིད་བཀག་ཉར། ཁྲིམས་ཐག་བཅད་པ་སོགས་ཀྱི་གནས་ཚུལ་རག་ཡོད་པ་མ་ཟད། ཆབ་སྲིད་བཙོན་ཟུར་བླ་བྲང་འཇིགས་མེད་ལགས་དང་། ཆབ་སྲིད་བཙོན་ཟུར་དགེ་བཤེས་བསྟན་འཛིན་དཔལ་བཟང་ལགས་གཉིས་འདས་གྲོངས་སུ་གྱུར་པ་དང་། ཚེ་དབང་ནོར་བུ་ལགས་དང་བཀྲ་ཕུན་ལགས། ཚེ་རིང་བསམ་འགྲུབ་ལགས་བཅས་ནས་རང་ལུས་མེར་སྲེག་གནང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་གནས་ཚུལ་ཀྱང་འཁོད་འདུག


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎