བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་མུ་མཐུད་དུ་རྒྱ་ནག་གི་དོ་དམ་ལྟ་རྟོགས་འོག་ཡོད་འདུག

ལོ་སྔོན་མའི་སྤྱི་ཟླ་༤བའི་ནང་བོད་ཀྱི་སྐད་ཡིག་ཐོབ་ཐང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་བོད་ནང་གི་ས་ཁུལ་མང་པོར་བསྐྱོད་ནས། བོད་ནང་བོད་སྐད་ཡིག་གི་གནས་སྟངས་རྟོག་ཞིབ་བྱས་སྐབས་རྒྱ་ནག་གི་ཉེན་རྟོག་པས་རྗེས་འདེད་དང་བསུན་གཙེར་ཡང་ཡང་བྱས་ཡོད་པ་དང་། ཁོང་གི་ཝེ་པོ་ཟིན་བྲིས་སོགས་སྒོ་རྒྱབ་རྗེས་ད་བར་གནས་སྟངས་ཁ་གསལ་མེད་པར་ལུས་ཡོད་ཀྱང་། འདི་ཚེས་༡༩ཉིན་ཁྲིམས་རྩོད་པ་ལིན་ཆིས་ལེ་(Lin Qilei)་ཡི་(twitter)་དྲྭ་བར་འདྲ་པར་དང་བཅས་གནས་ཚུལ་སྤེལ་བའི་ནང་། མི་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་མྱངས་མྱོང་བའི་བོད་ཀྱི་སྐད་ཡིག་ཐོབ་ཐང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་བཙོན་གྲོལ་བྱུང་ནས་ཁོང་གི་ཁྱིམ་དུ་ཡོད་ན་ཡང་མུ་མཐུད་དུ་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་ཚན་པའི་དོ་དམ་ལྟ་རྟོགས་འོག་ཡོད་པ་དང་། ཟླ་བདུན་པའི་ཚེས་༤ཉིན་ཁོང་དང་ཐུག་འཕྲད་སྐབས་ཁོང་ལ་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཁོང་གི་ཁྲིམས་རྩོད་པར་ཐུག་འཕྲད་བྱེད་མི་ཆོག་པ་དང་། ས་གནས་གཞན་དུ་བསྐྱོད་སྐབས་སྤྱི་བདེ་ལས་ཁུངས་སུ་ཐོ་འགོད་སྙན་སེང་ཞུ་དགོས་བའི་བཀའ་བཏང་ཡོད་པ་བྲིས་འདུག

Tashi wangchuk (2).jpg

བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་སྐད་ཡིག་ཐོབ་ཐང་དང་འབྲེལ་རྒྱ་ནག་གཞུང་ལ་ཞུ་གཏུག་ཐེངས་མང་གནང་བ་མ་ཟད། ཁོང་གིས་ཨ་རིའི་ནེའུ་ཡོག་དུས་བབ་(New York Times)་གསར་ཁང་ལ་བོད་ནང་གི་སྐད་ཡིག་གི་གནས་སྟངས་སྐོར་བཅར་འདྲི་དང་ལེན་གནང་བར་བརྟེན་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༦ལོའི་ཟླ་དང་པོའི་ནང་འཛིན་བཟུང་གིས། ཕྱི་ལོ་༢༠༡༨ཟླ་༥ཚེས་༢༢ཉིན་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་ལྔའི་ཁྲིམས་ཐག་བཅད་ནས་བཙོན་འཇུག་མྱོང་ཡོད་པ་རེད།


གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།