བོད་པའི་གཞས་པ་གྲགས་ཅན་བཀྲིས་ཕུན་ཚོགས་ལགས་ལ་རྒྱ་ནག་རྒྱལ་ཡོངས་ཀྱི་གླུ་སྐད་གསར་པ་ཞེས་པའི་འགྲན་བསྡུར་མཐའ་མའི་རྒྱལ་ཁ་ཐོབ་འདུག
དེ་ཡང་གཟའ་ཉི་མའི་ཉིན་སྟེ་ཕྱི་ཟླ་༡༠་ཚེས་༨་ཉིན་གྱི་དགོང་མོར། རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་གི་བྱེའུ་ཚང་ཞེས་དེ་སྔོན་རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་ཚོགས་སའི་ཚོགས་ར་ཆེན་མོའི་ནང་། རྒྱ་ནག་གི་གླུ་སྐད་གསར་པ་ཞེས་པའི་རྟིང་རྩོད་འགྲན་བསྡུར་སྐབས་འགྲན་བསྡུར་ནང་ཞུགས་མི་ལྔས་མཐའ་མའི་འགྲན་རྩོད་བརྒྱུད་མཐར་བོད་ཀྱི་གཞས་པ་གྲགས་ཅན་བཀྲིས་ཕུན་ཚོགས་ལགས་ལ་ཨང་དང་པོའི་རྒྱལ་ཁ་ཐོབ་འདུག
འདི་ནི་ཧ་ལམ་ད་ལྟའི་རྒྱ་ནག་ནང་གི་མི་གྲངས་དུང་ཕྱུར་བཅུ་གསུམ་གྱི་ཁོངས་ནས་བོད་མི་གཞས་པ་ཞིག་ལ་རྒྱ་ནག་གི་གར་སྟེགས་ཆེ་གྲས་སྟེང་ཨང་དང་པོ་ཐོབ་པ་ཐོག་མ་དེ་ཡིན་པ་དང་། ལྷག་པར་དུ་ཁོང་གིས་ད་ལྟ་བར་འགྲན་བསྡུར་རིམ་པའི་ཁྲོད་བཏང་གནང་བའི་གླུ་གཞས་མང་ཆེ་བ་ནི་བོད་སྐད་ཐོག་བཏང་གནང་བ་དང་། བོད་གཞས་ཡིན་པ། ཁོང་ལ་བོད་པའི་གཤིས་ཀ་ལྷད་མེད་ཡོད་པ་དེར་ཚང་མས་དགའ་བསུ་ཞུས་འདུག་ལ་དེང་སྐབས་ཁོང་ལ་བླ་སྲོག་འདྲེན་པའི་གཞས་པ་ཞེས་འབོད་ཀྱིན་ཡོད་འདུག དེ་བཞིན་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ཁོང་གི་རྒྱལ་ཁ་ལ་དགའ་བསུ་ཆེན་པོ་བྱེད་བཞིན་འདུག
དགུང་གྲངས་༣༠་ཙམ་ཡིན་པའི་བཀྲིས་ཕུན་ཚོགས་ལགས་ནི་བོད་ཀྱི་གཞིས་ཀ་རྩེ་ནས་ཕེབས་པའི་ཨང་རྩིས་དགེ་རྒན་ཞིག་ཡིན་པ་དང་། ཁོང་གི་སྐད་གྲགས་ཆེ་བའི་གླུ་གཞས་ནི་སྒེའུ་ཁུང་དང་། མཚོ་ངོགས་ཀྱི་ཆུ་ཐིགས། ཨ་མའི་ཕྱག་ཟུང་སོགས་ཡིན་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།
0:00 / 0:00