བོད་ནང་གི་ཐད་གཏོང་པ་བཀྲ་ཤིས་ཉི་མ་ལགས་ཀྱིས་བོད་ཀྱི་སྐད་ཡིག་སྐོར་བཤད་པ་སོགས་ལ་བརྟེན་ཉིན་གསུམ་རིང་བཀག་ཉར་བྱས་འདུག

བོད་ནང་མགྱོགས་འཕྲིན་ཐོག་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཁྱབ་སྤེལ་སྐོར་གྱི་ཐད་གཏོང་བྱེད་མཁན་ན་གཞོན་སྒང་ལྷ་བྱ་ཞེས་བ་ཞིག་གི་མགྱོགས་འཕྲིན་ཐད་གཏོང་སྒོ་བརྒྱབ་ཡོད་པ་མ་ཟད་ཁོང་ཉིན་གསུམ་རིང་ས་གནས་རྒྱ་ནག་ཉེན་རྟོག་པས་བཀག་ཉར་བྱས་ཡོད་འདུག

བཀྲ་ཤིས་ཉི་མའམ་སྒང་ལྷ་བྱ་ལགས། Screenshot བཀྲ་ཤིས་ཉི་མ།

ཕྱི་ཚེས་༡༣ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བའི་ནང་། བོད་ནང་གི་ཐད་གཏོང་བྱེད་མཁན་བཀྲ་ཤིས་ཉི་མའམ་སྒང་ལྷ་བྱ་ལགས་ཀྱིས་ཁོང་གི་ཐད་གཏོང་བརྒྱུད་བོད་ཀྱི་སྐད་ཡིག་སྐོར་ལ་བཤད་པ་དང་། ཁོང་གིས་རྒྱ་སྒོར་ཁྲི་༢༠ཡི་འགྲོ་སོང་བཏང་ནས་བོད་མདོ་དབུས་ཁམས་གསུམ་དུ་སྐད་ཡིག་དར་སྤེལ་གྱི་བྱ་འགུལ་སྤེལ་དུ་འགྲོ་འཆར་ཡོད་ཀྱང་། རྒྱ་ནག་གཞུང་གི་གནོན་ཤུགས་འོག་བྱ་འགུལ་དེ་སྤེལ་མཚམས་འཇོག་དགོས་བྱུང་བ་མ་ཟད། ཕྱི་ཟླ་༨པའི་ཚེས་༢༨ཉིན་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་མགྱོགས་འཕྲིན་(Kuaishou)་ནང་བརྙན་ཐུང་ཞིག་སྤེལ་བར་བརྟེན། ཁོང་གི་ཐད་གཏོང་དེ་ས་གནས་ཉེན་རྟོག་པས་གློ་བུར་བཀག་འགོག་བྱས་ཡོད་འདུག་ལ། ཁོང་གིས་བརྗོད་ན་ཁོང་གིས་མཐོ་སྒང་ཕྱི་རོལ་གྱི་གནས་སྟངས་ཐད་གཏོང་བྱས་བས་བོད་ཀྱི་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཇེ་ཆེ་དང་ཁོང་གིས་བོད་སྐད་ཐོག་ཐད་གཏོང་བྱས་བ་དེར་བོད་མི་ཚོས་དགའ་མོས་ཆེན་པོ་བྱེད་བཞིན་པའི་རྐྱེན་གྱིས་ཡིན་པ་བརྗོད་འདུག དེ་བཞིན་ཁོང་གི་ཐད་གཏོང་བཀག་སྡོམ་ལས་གཞན་ཕྱི་ཟླ་༩པའི་ཚེས༡་ནས་༣བར་ཉིན་གྲངས་གསུམ་རིང་སྒང་ལྷ་བྱ་ལགས་ཉེན་རྟོག་ཁང་དུ་བཀག་ཉར་དང་གཅར་རྡུང་བྱས་པའི་སྐོར་ཁོང་གིས་བོད་སྐད་ནང་འགྲེལ་བརྗོད་དང་ཟུར་དུ་རྒྱ་ཡིག་ནང་གནས་ཚུལ་དེའི་སྐོར་བཀོད་ཡོད་པ་རེད།
གནས་ཚུལ་འདིའི་ཐད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཡོ་རོབ་ཁུལ་གྱི་རྒྱ་རིགས་འབྲེལ་མཐུད་པ་དང་། བོད་རྒྱའི་གནད་དོན་དབྱེ་ཞིབ་པ་སངས་རྒྱས་སྐྱབས་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས་གོང་ཞུས་བོད་མི་ཐད་གཏོང་བ་བཀྲིས་ཉི་མ་ལགས་ཀྱི་ཐད་གཏོང་གི་ནང་དོན་ལ་ཁྲིམས་འགལ་གྱི་ནང་དོན་སྤུ་ཙམ་ཡང་མེད་པ་གསལ་པོ་ཡིན་ཡང་། རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་སྤེལ་བཞིན་པའི་འོག་བོད་ནང་གི་སྤྱི་ཚོགས་བརྒྱུད་ལམ་དུ་བོད་ཀྱི་སྐད་དང་། ཡི་གེ་དར་སྤེལ་བྱེད་མཁན་སོགས་ལ་དཀའ་ངལ་མང་པོ་འཕྲད་ཡོད་ཀྱི་ཡོད་པས། ཁོང་གི་མ་འོངས་གནས་སྟངས་ལ་ཡང་བློ་ཚབས་བྱེད་དགོས་པའི་གནས་སྟངས་ཞིག་གི་འོག་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་དང་ཡི་གེ་དར་སྤེལ་གཏོང་མཁན་བོད་མི་སུ་འདྲ་ཞིག་ཡིན་རུང་དགྲ་རུ་བཟུང་ནས་དམ་དྲག་དང་རྡུང་རྡེག་གཏོང་གི་ཡོད་པ་གསལ་པོ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
སྒང་ལྷ་བྱ་ལགས་ནི་དེ་སྔ་གྲྭ་བ་ཞིག་ཡིན་ཞིང་། དགོན་པའི་སློབ་གཉེར་རྗེས་སུ་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནང་ཡོང་ནས་འཚིག་ཇ་ཁང་ཆུང་ཆུང་ཞིག་གཉེར་བཞིན་པ་དང་། ཞོར་དུ་མགྱོགས་འཕྲིན་ཐད་གཏོང་ལམ་ནས་བོད་ཀྱི་སྐད་ཡིག་གི་གནས་སྟངས་སྐོར་སོགས་གནས་ཚུལ་སྤེལ་བར་བོད་མི་ཚོས་དགའ་མོས་བྱེད་ཀྱིན་ཡོད་པ་དང་། ཁོང་གི་མགྱོགས་འཕྲིན་ཐོག་དོ་ཁུར་བ་མི་གྲངས་ཁྲི་༧དང་༥སྟོང་ལྷག་ཡོད་པ་མ་ཟད། མགྱོགས་འཕྲིན་ཁ་བྱང་ཆུང་བའི་ཐོག་ལ་ཡང་མི་གྲངས་ཁྲི་༦དང་༥སྟོང་ལྷག་ཡོད་པ་རེད།


གསར་འགོད་པ། ལྕགས་མོ་འཚོ། བསོད་ནམས་ལྷ་མོ། བློ་བཟང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org