བོད་དུ་བརྟན་ལྷིང་སྲུང་སྐྱོབ་ལས་དོན་ཀུན་སློང་གི་བཀོད་སྒྲིག་ཚོགས་འདུ།
2020.03.07

རྒྱ་ནག་གཞུང་གིས་ལོ་ལྟར་ཕྱི་ཟླ་གསུམ་པ་ནི་རྣོ་ངར་ཅན་གྱི་ཟླ་བ་ཞིག་ཏུ་ངོས་འཛིན་གྱིས་ཕྱི་ཟླ་གསུམ་པའི་ནང་དམིགས་བསལ་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་བོད་ཀྱི་ས་ཁུལ་ཚང་མའི་ནང་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་སྲོལ་ཡོད་པ་ལྟར། ༢༠༢༠ ཕྱི་ཟླ་ ༣ཚེས་ ༡ ཉིན་བོད་རང་སྐྱོང་ལྗོངས་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་དང་། དམར་ཤོག་ཚོགས་པའི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་འགན་འཛིན། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་འགན་འཛིན་སོགས་ཀྱིས་སྣེ་ཁྲིད་འོག་བོད་དུ་བརྟན་ལྷིང་སྲུང་སྐྱོབ་ལས་དོན་ཀུན་སློང་གི་བཀོད་སྒྲིག་ཚོགས་འདུ་ཟེར་བ་ཞིག་བསྐོང་ཚོགས་བྱས་འདུག
ཕྱི་ཟླ་གསུམ་པའི་ཚེས་བཅུ་སྟེ་གསུམ་བཅུའི་དུས་དྲན་ནི་བོད་མི་ཚོས་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་ལོ་ལྟར་སྲུང་བརྩི་བྱེད་ཡོད་པ་དང་། ལོ་རྒྱུས་ཐོག་བོད་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཆེ་ཁག་མང་ཆེ་བ་གསུམ་བཅུའི་དུས་དྲན་དང་བསྟུན་ནས་ཕྱི་ཟླ་གསུམ་པའི་ནང་བྱུང་ཡོད་པ་རེད། བོད་མི་དམངས་སྤྱི་ཟུར་ད་ལྟ་ཨའོསི་ཊརེ་ལི་ཡའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་འབྲེལ་འཐུད་པ་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། ཕྱི་ཟླ་གསུམ་པ་འདི་ནི་བོད་ནང་བཀག་སྡོམ་ཤུགས་བྱེད་དགོས་པའི་ཟླ་བ་ཞིག་ཏུ་རྒྱ་ནག་གཞུང་གིས་ངོས་འཛིན་བྱེད་བཞིན་ཡོད་སྟབས། དེར་འཐུས་ཤོར་ཕྱིན་པ་ཡིན་ན་འབྲེལ་ཡོད་དཔོན་རིགས་དང་ལས་བྱེད་ཚོར་ཉེས་ཆད་ལྕི་པོ་ཕོགས་སྲིད་རྒྱུ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དམར་ཚོགས་པའི་དྲུང་ཆེ་ཝུ་ཨིན་ཇིས་ཉེན་བརྡ་བཏང་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
རྒྱ་ནག་གཞུང་གིས་དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཚང་མའི་ནང་ཏོག་དབྱིབས་ནད་འབུ་གསར་པ་སྔོན་འགོག་གི་མིང་གི་ཐོག་ནས་མིའི་འགྲོ་འོང་དང་འདུ་འཛོམས་སོགས་ཀྱི་ཐོག་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་ཅིང་། བོད་རང་སྐྱོང་ལྗོངས་ཕྱི་ལོག་ནས་རྒྱ་མི་རིགས་བོད་དུ་འགྲོ་འོང་ཐད་བཀག་འགོག་མི་བྱེད་པར་ས་ཁུལ་གཞན་ནས་ཡོང་མཁན་གྱི་བོད་མི་ཚོའི་ཐོག་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་ལ། བོད་རང་སྐྱོང་ལྗོངས་ནང་ཏོག་དབྱིབས་ནད་འབུའི་ན་ཚ་ཕོགས་མཁན་མི་གཅིག་ལས་མ་བྱུང་བ་དང་། ནད་པ་དེ་ཡང་དྲག་བསྐྱེད་བྱུང་བ་སོགས་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད། ཡང་ཕྱོགས་གཞན་ཞིག་ནས་ད་དུང་ཡང་བོད་མི་ཚོ་ལྷ་ས་གཙུག་ལག་གཙོས་ཆོས་ཕྱོགས་ཀྱི་ལྟེ་གནས་ཁག་ཏུ་ཕྱག་འཚལ་བསྐོར་སྦྱོང་དུ་འགྲོ་མི་ཆོག་པ་དང་། བོད་རང་སྐྱོང་ལྗོངས་ནང་གི་སློབ་གྲྭ་ཁག་ཕྱི་ཟླ་གསུམ་པའི་ཟླ་མཇུག་བར་འགོ་འཛུགས་ཕྱིར་རྒྱང་བྱ་རྒྱུའི་གསལ་བསྒྲགས་བྱེད་བཞིན་ཡོད་པ་རེད།
ཕྱི་ཟླ་ ༣ ཚེས་ ༡ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་བརྟན་ལྷིང་སྲུང་སྐྱོབ་དང་འབྲེལ་བའི་ཆེས་མཐོའི་ཚོགས་འདུ་དེའི་ཐོག་ཁ་བྲལ་ལ་གཏིང་ཟབ་ཀྱིས་ངོ་རྒོལ་བྱེད་པ་དང་། གཏིང་ཟབ་ཀྱིས་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པ་དང་། ཏཱ་ལའི་ཚོགས་ཁག་གི་ལོག་སྤྱོད་ངོ་བོ་ལ་དགག་པ་དང་རང་རྟོགས་ཀྱི་སྒོ་ནས་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པ་དང་།ཏཱ་ལའི་ཚོགས་ཁག་དང་དབྱེ་མཚམས་གཅོད་དགོས་པ་ཞེས་སོགས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་དང་དགག་པ་ཤུགས་ཆེ་ཞུ་དགོས་པའི་སྐུལ་སློང་བྱས་འདུག
བོད་རྒྱའི་གནད་དོན་ཉམས་ཞིབ་པ་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་བོད་ནང་བརྟན་ལྷིང་ཡོད་པ་དང་། མི་དམངས་ཚོ་འཚོ་བ་སྐྱིད་པོ་དང་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་བཞིན་ཡོད་པ་སོགས་བཤད་ཀྱི་ཡོད་ཀྱང་ཚོགས་འདུ་དེ་ཚོར་བལྟས་ན་རྒྱ་ནག་གིས་བཤད་པ་དེ་ཚོ་བདེན་པ་མིན་པ་ར་འཕྲོད་ཐུབ་ཀྱི་ཡོད་པ་གསལ་བཤད་གནང་ཡོད།
རྒྱ་ནག་གཞུང་འབྲེལ་བོད་རང་སྐྱོང་ལྗོངས་ཉིན་རེའི་གསར་ཤོག་ཐོག་ཕྱི་ཟླ་ ༣ ཚེས་ ༢ ཉིན་ཚོགས་འདུ་འདི་དང་འབྲེལ་ཡོད་ཀྱི་གནས་ཚུལ་ཞིག་སྤེལ་ཡོད་པ་དེའི་ནང་། རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཚོས་རིམ་པ་ཁག་གི་ཞིབ་དཔྱོད་ཁང་དང་། བརྟག་ཞིབ་སྡེ་ཚན་ཁག་གིས་བརྟན་ལྷིང་ལས་དོན་ཐོག་མངོན་ལྐོག་གཉིས་ཐད་ནས་ལས་ཀ་བྱེད་རྒྱུར་ཤུགས་སྣོན་གྱིས་འགན་འཁྲི་རྩད་གཅོད་དང་། འགན་མི་འཁྱེར་མཁན་དང་། བྱ་ཐབས་མ་བཟུང་མཁན་སོགས་གསུམ་ཡིན་ཕྱིན་ཆད་ཁོང་ཚོའི་ཐོག་ཐག་གཅོད་ནན་པོ་བྱེད་དགོས་པ་སོགས་ཀྱི་གཏམ་བཤད་སྤེལ་ཡོད་འདུག