རྒྱ་ནག་གི་སྲིད་འཛིན་ཁེ་ན་ཌར་ཕེབས་པར་རྒྱ་མི་ཚོས་དགའ་བསུ།

རྒྱ་ནག་གི་སྲིད་འཛིན་ཁེ་ན་ཌར་ཕེབས་རྒྱུའི་གོང་དེར་རྒྱ་ནག་གི་རྒྱལ་དར་འཁྱེར་བའི་རྒྱ་མི་རིགས་གང་མང་ཞིག་མཐོང་ཡག་ཡོད་སྲིད་སྐོར།

༄༅༎རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་ཁེ་ན་ཌའི་གྲོང་ཁྱེར་ཨོ་ཀྲ་ལྦ་རུ་ཉིན་གྲངས་གསུམ་རིང་འཛམ་གླིང་གི་ཡུལ་ཁག་༢༠དབུ་ཁྲིད་རྣམ་པའི་ཆེས་མཐོའི་ལྷན་ཚོགས་ནང་མཉམ་ཞུགས་བྱ་རྒྱུ་ཡིན་པའི་གོང་དེར། ཁེ་ན་ཌའི་གྲོས་ཚོགས་ཀྱི་མདུན་དང་གྲོང་ཁྱེར་ཨོ་ཀྲ་ལྦའི་སྲང་ལམ་ཁག་གི་གཡས་གཡོན་དུ་དེ་རིང་ནས་བཟུང་ལག་ཏུ་རྒྱ་ནག་གི་རྒྱལ་དར་འཁྱེར་བའི་རྒྱ་མི་རིགས་གང་མང་ཞིག་མཐོང་ཡག་ཡོད་སྲིད་པའི་སྐོར་ཨི་པིཀ་དུས་བབ་ཅེས་པའི་གསར་ཤོག་གིས་གནས་ཚུལ་སྤེལ་འདུག

གྲོང་ཁྱེར་ཨོ་ཀྲ་ལྦ་ནང་གི་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་པ་ཚོས་མཚན་ལ་ཕྱི་པོ་བསྡད་ནས་སྲིད་འཛིན་ཧུ་ཅིང་ཏའོ་ཨོ་ཀྲ་ལྦ་ནང་འབྱོར་སྐབས་ཁོང་ལ་དགའ་བསུ་དང་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པའི་རྣམ་པ་བཏོན་ཐབས་སུ་དངུལ་གྱི་འགྲོ་སོང་མང་པོ་བཏང་ནས་སྲིད་འཛིན་ཧུ་ལ་སྣེ་ལེན་ཟབ་རྒྱས་ཡོང་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད་པ་རེད།

རེས་གཟའ་པ་སངས་ཉིན་ཁེ་ན་ཌའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་གི་དྲུང་ཆེ་ཨང་དང་པོ་ལིའུ་ཧྲའོ་ཧུའ་ཡིས་ཨོ་ཀྲ་ལྦ་ནང་གི་རྒྱ་ནག་གཞུང་ཚབ་ཁང་དུ་རྒྱ་གཞུང་གིས་ཁེ་ན་ཌའི་ནང་མཐོ་རིམ་སློབ་གྲའི་སློབ་ཡོན་སྤྲད་པའི་རྒྱ་ནག་སྐམ་ས་ཆེན་མོའི་སློབ་ཕྲུག་༤-༠ནས་༥༠བར་ཞིག་ལ་གཏམ་བཤད་བྱས་པའི་སྒྲ་འཇུག་ཞིག་གསར་ཤོག་ཨི་པོཀ་དུས་བབ་ལ་ལག་སོན་བྱུང་ཡོད་པའི་ནང་ གཞུང་ཚབ་ཁང་གི་དྲུང་ཆེ་ལིའུ་ཡིས་རྒྱ་མིའི་སློབ་ཕྲུག་ཚོར་སྲིད་འཛིན་ཧུ་ཅིང་ཏའོ་ལ་དགའ་བསུ་སྣེ་ལེན་བྱ་དགོས་རྒྱུའི་མཛུབ་སྟོན་བྱས་ཡོད་པ་དང་རེས་གཟའ་ལྷག་པ་ནས་པ་སངས་བར་སྲིད་འཛིན་ཧུ་ལ་དགའ་བསུ་ཞུ་བར་ཁེ་ན་ཌའི་ས་ཁུལ་གང་ས་ནས་ཡོང་མཁན་རྒྱ་མི་རིགས་༣༠༠༠ཙམ་ཞིག་ཡོད་པ་ཚོར་གཞུང་ཚབ་ཁང་གིས་མགྲོན་ཁང་དང་འགྲིམ་འགྲུལ། ཟས་གོས་སོགས་ཀྱི་མཐུན་རྐྱེན་ཆ་ཚང་སྤྲོད་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། དེ་བཞིན་ལིའུ་ཡིས་ཕ་ལུང་ཀུང་ཆོས་འཁོར་སྒོམ་གྲུབ་ཉམས་ལེན་བྱེད་མཁན་དང་བོད་མི་དང་ཡུ་གུར་ཁ་བྲལ་རིང་ལུགས་པ། དེ་བཞིན་དམངས་གཙོ་དོན་གཉེར་བ་མང་པོ་ཞིག་སྲིད་འཛིན་ཧུ་ཡོང་བའི་སྐབས་ཁེ་ན་ཌའི་གྲོས་ཚོགས་མདུན་ངོ་རྒོལ་བྱེད་བར་འབྱོར་ཟིན་པའི་སྐོར་བརྗོད་ནས་ རྒྱ་མིའི་སློབ་ཕྲུག་དང་རྒྱ་མི་རིགས་ཚོས་མེས་རྒྱལ་གྱི་ཆེ་ཐོངས་སྲུང་སྐྱོབ་བྱ་རྒྱུར་སྲིད་འཛིན་ཧུ་ལ་དགའ་བསུ་ཞུ་དགོས་རྒྱུའི་སྐུལ་སློང་བྱས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org