ཊ་མིལ་སྟག་གིས་མེ་འཕེན་མཚམས་འཇོག་བྱ་རྒྱུ་ཡིན་པ།
ཤི་རི་ལང་ཀ་ནང་ཊ་མིལ་སྟག་ཅེས་པའི་གྱེན་ལོག་པས་ད་ཆ་གཞུང་གི་དྲག་རྒོལ་མ་བཟོད་པར་མེ་འཕེན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
-
2009-04-26 -
-
-
༄༅༎ཤི་རི་ལང་ཀ་ནང་ཊ་མིལ་སྟག་ཅེས་པའི་གྱེན་ལོག་པས་ད་ཆ་གཞུང་གི་དྲག་རྒོལ་མ་བཟོད་པར་མེ་འཕེན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་འདུག
རྒྱལ་ས་ཀོ་ལོམ་སྦོ་ནས་རོའུ་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་ཤི་རི་ལང་ཀའི་བྱང་ཕྱོགས་སུ་ཊ་མིལ་གྱེན་ལོག་པར་གཞུང་གིས་དྲག་རྒོལ་ཧ་ཅང་ཆེན་པོ་བྱེད་བཞིན་པའི་འོག་གྱེན་ལོག་པ་ཙམ་མ་ཡིན་པར་ཞི་བའི་ཡུལ་མི་སྟོང་ཚོ་མང་པོ་དམག་སར་ཚུད་པ་དང་དོན་རྐྱེན་ལམ་དུ་འགྲོ་དང་འགྲོ་བཞིན་པ་དེས་ད་བར་བྱུང་མྱོང་མེད་པའི་ཛ་དྲག་གི་དཀའ་ངལ་ཆགས་ཡོད་པ་དེར་མཉམ་སྦྲེལ་རྒྱལ་ཚོགས་དང་ཡོ་རོབ་མཉམ་སྦྲེལ།རྒྱ་གར་གཙོས་པའི་གཞུང་མང་པོ་དང་དེ་མིན་འགྲོ་བ་མིའི་ཐོབ་ཐང་སྒྲིག་འཛུགས་མང་པོས་སྐུལ་དེད་གནང་བཞིན་པར་བརྟེན་ད་ཆ་ཊ་མིལ་གྱེན་ལོག་པས་མེ་འཕེན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས་བྱས་འདུག འོན་ཀྱང་ཤི་རི་ལང་ཀའི་གཞུང་གིས་དེ་ལྟར་ངོས་ལེན་གནང་མེད་པ་མ་ཟད་ད་ཆ་གྱེན་ལོག་པས་མེ་འཕེན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས་བྱས་པ་དེར་སྙིང་པོ་མེད་པ་རེད། གང་ལ་ཟེར་ན་ད་ཆ་བྲོས་འགྲོ་རྒྱུ་ཙམ་ལས་ཚུར་རྒོལ་བྱེད་རྒྱུའི་ནུས་པ་མེད་པ་རེད། མེ་འཕེན་མཚམས་འཇོག་དགོས་དོན་མེད་པ་རེད། དེ་ལས་མགོ་བཏགས་ཞུས་ན་ཡག་ཤོས་རེད་ཅེས་གཞུང་གི་སྲུང་སྐྱོབ་དྲུང་ཆེ་གོ་ཊ་ལྦ་ཡ་ར་ཇ་པཀ་ས་ཡིས་རོའུ་ཀྲར་གསར་འགོད་པར་ཁ་དཔར་ཐོག་གཏམ་བཤད་གནང་ཡོད་འདུག ཕྱི་ལོ་༡༩༨༣ལོར་འགོ་བཙུགས་པའི་གྱེན་ལོག་གི་ལས་འགུལ་མཚམས་འཇོག་ཡོང་བའི་ཆེད་དུ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཇཱོན་ཧོལྨ་སེ་རེས་གཟའ་སྤེན་པའི་ཉིན་ཤི་རི་ལང་ཀའི་ནང་འབྱོར་ཡོད་འདུག འདི་ལོ་གཅིག་པོར་ད་བར་གཞུང་དང་གྱེན་ལོག་དབར་འཐབ་རྩོད་ནང་ཡུལ་མི་༦༥༠༠ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་རྒྱལ་ཚོགས་ཀྱིས་ཚོད་དཔག་གནང་གི་ཡོད་འདུག།