སྟག་འཚེར་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པ།

སྐུའི་གཅེན་པོ་བགྲེས་ཤོས་སྟག་འཚེར་རིན་པོ་ཆེ་མཆོག་ཁ་སང་ཕྱི་ཚེས་ལྔའི་ཉིན་དགོངས་པ་གཞན་དོན་དུ་གཤེགས་པའི་གནས་ཚུལ་ཐོན་འདུག

2008.09.06

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གཅེན་པོ་བགྲེས་ཤོས་སྟག་འཚེར་རིན་པོ་ཆེ་མཆོག་ཁ་སང་བོད་ཟླ་དྲུག་པའི་ཚེས་ ༦ ཕྱི་ཟླ་དགུ་པའི་ཚེས་ ༥ གཟའ་པ་སངས་ཀྱི་ཨ་རིའི་ཤར་ཕྱོགས་ཀྱི་ཉིན་གུངས་ཚོུད་གཉིས་དང་ཕྱེད་ཀ་ཙམ་ལ་དགོངས་པ་གཞན་དོན་དུ་གཤེགས་པའི་གནས་ཚུལ་ཐོན་ཞིང་ རིན་པོ་ཆེ་མཆོག་དགུང་གྲངས་ ༨༦ ལ་ཕེབས་ཡོད་པ་རེད་

རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༢༢ ཆུ་ཁྱི་ལོའི་ཟླ་བ་བརྒྱད་པའི་ཚེས་ ༡༦ ཉིན་མདོ་སྨད་སྟག་འཚེའི་ཡུལ་དུ་སྐུ་འཁྲུངས་ཤིང་ དགུང་གྲངས་གསུམ་ལ་ཕེབས་སྐབས་༸རྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ནས་སྟག་འཚེར་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་པ་དང་ དགུང་གྲངས་བརྒྱད་ལ་ཕེབས་སྐབས་སྐུ་འབུམ་དགོན་དུ་ཆོས་བཞུགས་གནང་ཞིང་ དགུང་གྲངས་ཉེར་བདུན་ལ་ཕེབས་སྐབས་དགེ་འདུན་ཞལ་གྲངས་བཞི་སྟོང་ལྷག་ཡོད་པའི་སྐུ་འབུམ་དགོན་པའི་མཁན་པོར་བསྐོ་བཞག་བསྩལ་ཡོད་པ་རེད་

སྟག་འཚེར་རིན་པོ་མཆོག་ཨ་མི་རི་ཀར་ཕྱི་ལོ་ ༡༩༥༢ ལོར་ཕེབས་ཤིང་ ཕྱི་ལོ་ ༡༩༦༥ ལོ་ནས་དབུ་བཙུགས་ཏེ་ ཨ་རིའི་ཨིན་ཌི་ཡ་ན་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་ཆོས་དང་རིག་གཞུང་གི་སློབ་དཔོན་གྱི་མཛད་འཁུར་བཞེས་པ་དང་ ཨིན་ཌི་ཡ་ནའི་ས་གནས་ སྦུ་ལུང་མིན་ཊོན་དུ་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་དང་བྱམས་བརྩེ་གླིང་ཞེས་པའི་བོད་ཀྱི་དགོན་པ་ཞིག་ཀྱང་བཞེངས་བསྐྲུན་གནང་ཡོད་པ་རེད་ རིན་པོ་མཆོག་གི་སྐུ་ཚེ་ཧྲིལ་པོ་བོད་བསྟན་སྲིད་མི་རིགས་བཅས་པའི་རང་དབང་སླར་གསོའི་དོན་དུ་བཏང་གནང་མཛད་པ་དང་ ཉེ་ཧོང་སྐུ་ཚབ་དོན་གཅོད་ཐེ་བའི་གཞུང་གི་མཛད་འཁུར་ཡང་མང་དག་ཅིག་བཞེས་མྱོང་ཡོད་ལ་ ཁོང་ནི་རྒྱ་ནག་དམར་པོའི་གཟུང་ལ་མཐའ་གཅིག་ཏུ་ཡིད་ཆེས་མེད་མཁན་ཡིན་ལ་ བོད་རང་བཙན་གཙང་མ་སླར་གསོ་དགོས་རྒྱུར་ཡིད་ཆེས་ཆེན་པོ་གནང་མཁན་ཞིག་ཀྱང་ཡིན་པ་རེད་ ཕྱི་ལོ་ ༡༩༩༤ ལོར་རིན་པོ་ཆེ་མཆོག་དང་ཕྱག་རོགས་གཞན་ཞིག་ནང་ བོད་རང་བཙན་ལས་འགུལ་ཚོགས་པ་ཞེས་པ་ཞིག་གསར་བཙུགས་གནང་སྟེ་ རིན་པོ་ཆེ་མཆོག་གིས་སྣེ་འཁྲིད་འོག་ བོད་རང་བཙན་གོམ་བགྲོད་ཀྱི་ལས་འགུལ་ལན་མང་སྤེལ་ཡོད་པ་རེད་

ཕྱི་ལོ་ ༢༠༠༢ ལོར་རིན་པོ་ཆེ་མཆོག་ལ་གྲིབ་སྐྱོན་ལྟ་བུའི་བསྙུན་གཞི་བྱུང་སྟེ་ ཁ་སང་དགོངས་པ་མ་རྫོགས་བར་གནས་སྟངས་དེའི་འོག་འཚོ་བཞུགས་བྱུང་ཞིང་ སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པ་དེ་ནི་ བོད་མི་ཚོས་རང་མི་རིགས་འཚོ་གནས་ཀྱི་འཐབ་རྩོད་ལ་མཛད་རྗེས་ཆེན་པོ་བཞག་གནང་མཁན་ཞིག་མེད་པར་གྱུར་བར་ཧ་ཅང་བློ་ཕམ་བྱུང་རྒྱུ་ངེས་པ་དང་ བཙན་བྱོལ་བོད་གཞུང་ནས་རིན་པོ་ཆེ་མཆོག་གི་མཛད་རྗེས་ལ་བཀྲིན་རྗེས་དྲན་དང་མྱ་ངན་གུ་འདུད་མཚོན་ཆེད་ དེ་རིང་ཕྱི་ཟླ་ ༩ པའི་ཚེས་ ༦ ཉིན་བརྒྱབ་ཚོུད་ ༢ པའི་ཐོག་ཐུགས་སྨོན་གསོལ་འདེབས་དང་བོད་གཞུང་གི་ལས་ཁུངས་ཁག་སྒོ་བརྒྱབ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎