ཨ་རིའི་མཐོ་རིམ་སྐུ་ཚབ་ཐེ་ཝན་ནང་འབྱོར་བར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་བཞིན་འདུག
ཨུ་རུ་སུས་ཡུའུ་ཁུ་རེན་གྱི་ནང་བཙན་འཛུལ་གཏོར་རྒོལ་བྱེད་བཞིན་པའི་སྐབས་འདིར། ཨ་རིའི་གཞུང་གིས་རྒྱལ་སྲུང་དང་བདེ་འཇགས་ཀྱི་ཆེ་མཐོའི་དཔོན་རིགས་ཟུར་པ་ཁག་ཅིག་ལས་གྲུབ་པའི་སྐུ་ཚབ་འདི་ཚེས་༡་ཉིན་ཐེ་ཝན་དུ་འབྱོར་ཡོད་པ་དང་། ད་རེས་སྐུ་ཚབ་དེའི་སྣེ་ཁྲིད་གནང་མཁན་ནི་ཨ་མི་རི་ཀའི་ས་མཚོ་གནམ་གསུམ་གྱི་དམག་དོན་སྤྱི་ཁྱབ་ཀྱི་འགན་བཞེས་མྱོང་མཁན་(Mike Mullen)་ཡིན་པ་དང་། རྒྱ་ནག་གཞུང་གིས་ཨུ་རུ་སུས་ཡུའུ་ཁུ་རེན་ལ་བཙན་འཛུལ་བྱེད་བཞིན་པའི་གོ་སྐབས་བཟུང་ནས་ཐེ་ཝན་ལ་ཡང་དེ་ལྟར་བཙན་འཛུལ་བྱ་སྲིད་པར་འགོག་ཐབས་ཆེད་ཐེ་ཝན་ཕྱོགས་ནས་བདེ་སྲུང་ལས་དོན་དོ་ནན་དུ་བཏང་ཡོད་པའི་སྐབས། ཨ་རིས་ཐེ་ཝན་དུ་སྐུ་ཚབ་ཚོགས་ཆུང་ཆེད་གཏོང་གནང་བ་ནི་ཨ་རི་གཞུང་གིས་ཐེ་ཝན་ཐོག་རྒྱབ་སྐྱོར་བརྟན་པོར་གནས་མུས་ཡིན་པ་གསལ་སྟོན་ཆེད་ཡིན་པ་ཨ་རིའི་དཔོན་རིགས་ཤིག་གིས་རོའུ་ཊར་གསར་ལས་ཁང་ལ་བརྗོད་འདུག
ཨ་རིའི་སྐུ་ཚབ་རྣམ་པས་གཟའ་ལྷག་པའི་ཉིན་ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-wen)་དང་མཇལ་མོལ་གནང་རྒྱུ་ཡིན་འདུག
དེའི་ཐད་ཨ་མི་རི་ཀའི་བྷོ་སུ་ཀྲོན་མཐོ་སློབ་གྱི་སྲིད་དོན་རིག་པའི་སློབ་དཔོན་འབུམ་རམས་པ་(Robert S. Ross)་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་བཅར་འདྲི་ཞུས་སྐབས། ཁོང་གིས། ཐེ་ཝན་མཚོ་གླིང་གི་བདེ་འཇགས་ནི་ཡུའུ་ཁུ་རེན་ནང་གི་རྩོད་རྙོག་དང་། རྒྱ་ནག་དང་རྒྱ་གར་གྱི་མཐའ་མཚམས་རྩོད་རྙོག་དང་མི་འདྲ་བར་ཁྱད་པར་ཆེན་པོ་ཡོད་དུས། ཡུའུ་ཁུ་རེན་གྱི་ནང་ཨུ་རུ་སུས་བཙན་འཛུལ་བྱེད་བཞིན་པ་ལྟར། རྒྱ་ནག་གཞུང་གིས་ཐེ་ཝན་ལ་དམག་རྒྱག་རྒྱུ་དེ་ལས་སླ་བོ་མེད་ལ། རྒྱ་ནག་ལ་དེ་འདྲའི་ནུས་པ་ཡང་མེད་པ་རྒྱ་ནག་དང་ཨ་རི་གཉིས་ཀས་གསལ་བོ་ཤེས་རྟོགས་ཡོད་པ་གསུངས་བྱུང་།
གཞན་ཁེ་མེད་ཉམས་ཞིབ་ཁང་(RAND Corporation)་གི་བདེ་སྲུང་ཉམས་ཞིབ་པ་འབུམ་རམས་པ་(Timothy Heath)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཨ་མི་རི་ཀས་ཨུ་རུ་སུའི་གནད་དོན་ཐད་དོ་སྣང་བྱེད་བཞིན་པའི་དུས་སྐབས་འདིར། ཐེ་ཝན་བདེ་འཇགས་ཀྱི་གནད་དོན་ཐོག་ལ་ཡང་ཞིབ་མོར་བལྟ་བཞིན་ཡོད་པའི་བརྡ་ལན་སྤྲད་པ་ཡིན་པ་དང་། རྒྱ་ནག་གཞུང་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་རྒྱུའི་ཉེན་ཚབས་ཛ་དྲག་མེད་པ་གསུངས་བྱུང་།
ད་དུང་(American Enterprise Institute)་ཉམས་ཞིབ་ལྟེ་གནས་ཁང་གི་ཨ་རིས་ཨེ་ཤེ་ཡའི་ནང་གི་ཐབས་ཇུས་ཐོག་ཉམས་ཞིབ་གནང་མཁན་འབུམ་རམས་པ་(Zack Cooper)་ལགས་ཀྱིས། ཨ་རིས་ཐེ་ཝན་དང་འབྲེལ་ལམ་བྱེད་རྒྱུའི་ཁྲིམས་གཞི་གཏན་འབེབས་བྱས་ཡོད་པ་ལས་ཡུའུ་ཁུ་རེན་མཉམ་དུ་ཁྲིམས་གཞི་དེ་འདྲ་མེད། དེ་བས་ཁྲིམས་གཞིའི་འབྲུ་དོན་བཞིན་ཨ་མི་རི་ཀས་ཪེ་ཝན་སྲུང་སྐྱོབ་ཐད་དོ་སྣང་གི་རྣམ་པ་ཤུགས་ཆེ་བ་ཡོད་པ་མ་འོངས་ཉིན་ཤས་ནང་གཞུང་ཕྱོགས་ནས་གསལ་བོ་བཟོ་སྲིད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཨ་རིའི་སྲིད་འཛིན་སྦཡཌེན་གྱིས་ཐེ་ཝན་དུ་ཆེས་མཐོའི་དམག་དོན་སྐུ་ཚབ་ཆེད་གཏོང་གནང་པ་དང་། འདི་ནི་ཡུཀརེན་ནང་ར་ཤི་ཡས་བཙན་འཛུལ་གྱི་དཀའ་རྙོག་ཆེ་བའི་དུས་སྐབས་སུ་ཨ་རིས་ཐེ་ཝན་ཐོག་ལ་རྒྱབ་སྐྱོར་བརྟན་པོ་ཡོད་པ་གསལ་སྟོན་ཆེད་དམིགས་པ་གཞུང་འབྲེལ་མི་སྣས་བརྗོད་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཐེ་ཝན་གྱི་གནད་དོན་དེ་བཞིན་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་ལམ་ནང་ཚོར་བ་ཧ་ཅང་རྐྱེན་པའི་གནད་དོན་ཞིག་ཡིན་ལུགས་བརྗོད་ཀྱི་ཡོད་པ་དང་། རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཝང་འོན་པིང་གིས། ཨ་རིའི་སྐུ་ཚབ་ཐེ་ཝན་ནང་ཕེབས་པའི་གནད་དོན་ཐད་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་སྐབས། རྒྱ་ནག་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་མངའ་ཁོངས་གཅིག་གྱུར་བྱ་རྒྱུའི་འདུན་པར་འགྱུར་བ་གཏོང་ཐབས་མེད་པ་དང་། ཨ་རི་དང་དེ་མིན་སུ་འདྲ་ཞིག་གིས་ཐེ་ཝན་ལ་རྒྱབ་སྐྱོར་བྱས་ན་ཡང་ཕམ་ཉེས་འགྲོ་རྒྱུ་ཉག་གཅིག་ཡིན་ལུགས་བཤད་ནས་སྐྱོན་བརྗོད་བྱས་འདུག
ཐེ་ཝན་གྱི་སྲིད་བློན་སུའུ་ཁྲན་ཁྲང་གིས་གཟའ་མིག་དམར་ཉིན་ད་རེས་ཨ་རིའི་སྐུ་ཚབ་ཐེ་ཝན་དུ་ཆེད་ཕེབས་གནང་བ་དེའི་ཐོག་ནས། ཐེ་ཝན་དང་ཨ་རིའི་འབྲེལ་ལམ་དང་ཐེ་ཝན་གྱི་ལངས་ཕྱོགས་ཀྱི་གལ་འགངས། དེ་བཞིན་ཨ་རིས་ཐེ་ཝན་ཐོག་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་སོགས་མཚོན་ཐུབ་རྒྱུ་ཡོད་པ་གསར་འགོད་པར་འགྲེལ་བརྗོད་གནང་འདུག
གསར་འགོད་པ། འཆི་མེད། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།