ཨ་རིས་ཐའེ་ཝན་དང་འབྲེལ་ལམ་བཀག་སྡོམ་མེད་པར་བཟོས་བ་དང་རྒྱ་ནག་གིས་དེར་ངོ་རྒོལ་དང་འཇིགས་སྐུལ།

ཨ་རི་དང་ཐེ་ཝན་གཉིས་ཀྱི་རྒྱལ་དར།
ཨ་རི་དང་ཐེ་ཝན་གཉིས་ཀྱི་རྒྱལ་དར། (Reuters)

ཨ་རི་གཞུང་གིས་ཐའེ་ཝན་དང་གཞུང་འབྲེལ་འབྲེལ་ལམ་འཛིན་ཕྱོགས་ཐད་བཀག་སྡོམ་གྱི་སྲིད་ཇུས་ཡོད་པ་དེ་ལྷུག་ཏུ་གཏོང་རྒྱུ་ཡིན་པ་གསལ་བསྒྲགས་གནང་འདུག
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)ཡིས་ཕྱི་ཟླ་དང་པོའི་ཚེས་༩ཉིན་གསལ་བསྒྲགས་སྤེལ་བའི་ནང་། ཨ་རི་དང་ཐའེ་ཝན་བར་གྱི་འབྲེལ་ལམ་ནང་ཨ་རིའི་ཕྱོགས་ནས་འཛིན་བཞིན་པའི་སྟངས་འཛིན་དམ་དྲག་གི་སྲིས་བྱུས་ཁག་ལྷུག་ཏུ་གཏོང་རྒྱུ་གསལ་བསྒྲགས་གནང་ཡོད་པ་དང་། ཐེ་ཝན་ཕྱོགས་ནས་དེ་ནི་འདས་པའི་ལོ་ངོ་བཅུ་གྲངས་རིང་དབྱེ་འབྱེད་ཀྱི་ལྟ་སྤྱོད་མཇུག་སྒྲིལ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཕྱི་སྲིད་དཔོན་རིགས་དང་། དམག་མི། དེ་བཞིན་མི་གཞན་ཁག་གཅིག་གིས་ཐའེ་ཝན་དང་འབྲེལ་ལམ་བྱ་རྒྱུར་ཨ་རིའི་ནང་ཁུལ་དུ་རྩོད་གཞི་ཆེ་བས་དམ་དྲག་སྟངས་འཛིན་བྱེད་བཞིན་ཡོད་པ་དང་། དེ་ལྟར་བྱ་དགོས་དོན་གཙོ་བོ་ནི། རྒྱ་ནག་དམར་ཤོག་གཞུང་ལ་ཞི་མཐུན་འགྲིག་འཇགས་ཆེད་ཡིན་ཞིང་། ད་ཆ་དེ་ལྟར་གྱི་སྲིད་བྱུས་འཛིན་དགོས་དོན་མེད་པ་རེད་ཅེས་གསུངས་འདུག
ཐའེ་ཝན་གཞུང་གིས་དེའི་ཐད་དགའ་བསུ་ཞུས་ཡོད་པ་དང་། ཨ་རིའི་ནང་ཡོད་པའི་ཐའེ་ཝན་སྐུ་ཚབ་དོན་གཅོད་ལས་ཁང་གི་དཔོན་རིགས་ཤའོ་པིས་ཆན་གྱིས། (twitter)དྲ་ལམ་བརྒྱུད་ཨ་མི་རི་ཀ་གཞུང་གི་ཐག་གཅོད་དེ་ནི། འདས་པའི་ལོ་ངོ་བཅུ་གྲངས་ནང་གི་དབྱེ་འབྱེད་ཀྱི་ལྟ་སྟངས་མེད་པ་བཟོས་ནས་ཨ་རི་དང་ཐའེ་ཝན་དབར་གྱི་འབྲེལ་ལམ་དེ་བཞིན་གལ་འགངས་ཆེ་བའི་འབྲེལ་ལམ་ཞིག་ཏུ་བསྒྱུར་ཟིན་པར་བརྟེན། ང་ཚོས་གོ་སྐབས་དེ་ངེས་པར་དུ་བཟུང་དགོས་ཀྱི་རེད་ཅེས་བྲིས་ཡོད་འདུག ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་(Joseph Wu)ཡིས། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཨ་རིས་ཐེ་ཝན་ཐོག་འཛིན་པའི་དགོས་ངེས་མེད་པའི་དམ་དྲག་སྲིད་བྱུས་ཕྱིར་འཐེན་གནང་བར་དགའ་བསུ་དང་། ཐེ་ཝན་དང་ཨ་རིའི་བར་དེ་བས་དམ་ཟབ་ཀྱི་འབྲེལ་ལམ་བཟུང་ནས་ཐུན་མོང་གི་རིན་ཐང་དང་ཁེ་ཕན། རང་དབང་དང་དམངས་གཙོ་དེ་བས་ཟབ་ཏུ་གཏོང་དགོས་ཀྱི་རེད་ཅེས་གསུངས་ཡོད་འདུག
གནས་སྟངས་དེའི་ཐད་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅིན་གྱིས་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག ཐའེ་ཝན་དང་འབྲེལ་བའི་ཨ་རིའི་བྱ་སྤྱོད་དེར་རྒྱ་ནག་གཞུང་གི་ངོས་ནས་ངོས་ལེན་མེད་ཐོག་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡིན། དེ་ནི་རྒྱ་ནག་གཅིག་གི་སྲིད་ཇུས་དང་ཕྱི་ལོ་༡༩༧༢ལོར་ཨ་རྒྱ་གཉིས་བར་བཞག་པའི་གྲོས་མཐུན་སོགས་ཀྱི་ནད་དོན་དང་རྒྱབ་འགལ་རྩིས་མེད་བཏང་བ་ཡིན་པའི་སྐྱོན་བརྗོད་བྱས་བ་མ་ཟད། ཐའེ་ཝན་ནི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པས། གནད་དོན་དེའི་ཆེད་ཐབས་སྡུག་བྱུང་ན་དམག་འཁྲུག་རྒྱག་དགོས་ཀྱང་རྒྱག་རྒྱུ་ཡིན་ཞེས་འཇིགས་སྐུལ་དང་ངོ་རྒོལ་བྱས་འདུག
གཟའ་འཁོར་སྔོན་མར་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཨ་མི་རི་ཀའི་གཞུང་གི་རྒྱལ་ཚོགས་ཀྱི་སྐུ་ཚབ་(Kelly Craft)ཟླ་དང་པོའི་ཕྱི་ཚེས་༡༣་ནས་༡༥འི་བར་ཉིན་གསུམ་གྱི་རིང་། ཐེ་ཝན་ནང་རྒྱལ་དོན་གཟིགས་སྐོར་དུ་ཕེབས་རྒྱུའི་གསལ་བསྒྲགས་གནང་ཡོད་པ་དང་། ཐེ་ཝན་གྱི་གཞུང་ཚབ་ཀྱིས་ཁོང་གི་གཟིགས་སྐོར་ལ་དགའ་བསུ་ཡོད་པ་གསུངས་ཡོད་པ་རེད།
ཨ་མི་རི་ཀའི་ནང་ཕྱི་ཚེས་༢༠ཉིན་གཞུང་འཛིན་འཕོ་འགྱུར་འགྲོ་རྒྱུའི་སྔ་སྣུབ་ཕྱི་སྲིད་དྲུང་ཆེ་(Mike Pompeo)ལགས། རང་གི་ལས་འཁུར་གྱི་མཐའ་མར་ཡོ་རོབ་རྒྱལ་ཁབ་ཁག་ཅིག་ནང་གཟིགས་སྐོར་དུ་ཕེབས་ཀྱི་ཡོད་པ་དང་། དེས་རྒྱ་ནག་ལ་ཁོང་ཐེ་ཝན་ནང་གཟིགས་སྐོར་དུ་ཕེབས་སྲིད་པའི་བློ་འཚབ་བསྐྱེད་ཡོད་པས། རྒྱ་ནག་གི་གཞུང་འབྲེལ་གོ་ལའི་དུས་བབ་གསར་ཤོག་གིས། རེས་གཟའ་ཉི་མའི་ཉིན་གསར་ཤོག་གི་རྩོམ་སྒྲིག་པའི་གླེང་བརྗོད་ནང་། གལ་ཏེ་ཕྱི་སྲིད་དྲུང་ཆེ་(Pompeo)ཡིས་ཐེ་ཝན་ནང་གཟིགས་སྐོར་གནང་བ་ཡིན་ན། རྒྱ་ནག་གི་ངོས་ནས་ཐེ་ཝན་ལ་གནམ་དམག་གནམ་གྲུ་གཏོང་རྒྱུ་ཡིན་པ་དང་། སྐབས་དེར་དམག་འཁྲུག་ཡོང་སྲིད་པའི་འཇིགས་སྐུལ་བྱས་ཡོད་པ་རེད།
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Morgan Ortagus)ཡིས། ཕྱི་སྲིད་དྲུང་ཆེ་མཆོག་གིས་ཡོ་རོབ་ལ་བསྐྱངས་རྒྱུའི་གཟིགས་སྐོར་དེ་ནི་ཁོང་གི་ལས་ཁུར་གྱི་མཇུག་མཐའི་ཕྱི་འབྲེལ་གཟིགས་སྐོར་དང་འབྲེལ་ཆགས་ཤིག་ཡིན་པ་དང་། ཐའེ་ཝན་དེ་བཞིན་ཁྲོམ་རའི་དཔལ་འབྱོར་གྱི་འགྲོ་ལུགས་དང་། དམངས་གཙོའི་ཡར་ཐོན་ཅན་ཞིག་ཡིན་པས་དེར་ཨ་མི་རི་ཀའི་གཞུང་གིས་མུ་མཐུད་རྒྱབ་སྐྱོར་གནང་གི་རེད་ཅེས་གསུངས་འདུག