ཐེ་ཝན་གྱི་སྲིད་འཛིན་གསར་བས་དངོས་སུ་དམ་འབུལ་གནང་བ།

དེ་ཡང་གནས་ཚུལ་ལྟར་ན། སྤྱི་ཟླ་༥་བའི་ཚེས་༢༠ཉིན། ཐེ་ཝན་གྱི་རྒྱལ་ས་ཐེ་པེ་སྲིད་འཛིན་ལས་ཁུངས་སུ་ཐེ་ཝན་གྱི་སྲིད་འཛིན་གསར་བ་ལྕམ་ཚའེ་ཡེ་ཝུན་གྱིས་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་ཞུས་ཡོད་པ་དང་། སྐབས་དེར་ཆེད་ཕེབས་སྐུ་མགྲོན་དང་རྒྱལ་ཡོངས་མི་མང་༢༠༠༠༠་ལྷག་འཛོམས་ཡོད་པ་རེད།
ལྕམ་ཚའེ་ཡེ་ཝུན་གྱིས་སྲིད་འཛིན་དམ་འབུལ་ཞུས་རྗེས་ཀྱི་གཏམ་བཤད་ནང་། མི་རྣམས་ཀྱིས་དོ་སྣང་བྱེད་ས་གཙོ་བོ་དེ་རྒྱ་ནག་གཅིག་ཟེར་བའི་༩༢་ཀྱི་གྲོས་དོན་ཞེས་བ་དེར་ཁས་ལེན་གནང་མིན་དེ་ཡིན་པ་རེད།
སྲིད་འཛིན་གྱི་དམ་འབུལ་མཛད་སྒོ་གཏམ་བཤད་ནང་། ཕྱི་ཕྱོགས་ནས་ཚོད་དཔག་བྱས་བ་བཞིན་༩༢་ཀྱི་གྲོས་དོན་ཞེས་བ་དེ་བཏོན་གནང་མེད་པ་དང་། ལྕམ་ཚའེ་ཡེ་ཝུན་གྱིས་༩༢ལོར་རྒྱ་ནག་དང་ཐེ་ཝན་བར་འབྲེལ་ལམ་བྱེད་མཁན་གྱི་ཐེ་ཝན་ཐེབས་རྩ་ཚོགས་པ་དང་། རྒྱ་ནག་གི་གྲོས་མོལ་ལྷན་ཁང་བར་གྲོས་མོལ་བྱུང་ཡོད་པ་དེ་ལོ་རྒྱུས་ཀྱི་དངོས་ཡོད་གནས་ཚུལ་ཞིག་ཡིན་པ་དང་། དེར་བརྩི་འཇོག་བྱེད་ཀྱི་ཡོད། ཡིན་ཡང་མ་འོངས་རྒྱ་ནག་དང་ཐེ་ཝན་ཕྱོགས་གཉིས་ཀས་ལོ་རྒྱུས་ཀྱི་རྡོག་ཁྲེས་དེ་བཞག་ནས་མཚོ་འགག་ཕན་ཚུན་གྱི་མི་དམངས་ཚོར་བདེ་སྐྱིད་ཕན་བདེ་བསྐྲུན་དགོས་ཅེས་དང་། ཐེ་རྒྱ་གཉིས་ཀྱི་འབྲེལ་ལམ་ནི་མངའ་ཁུལ་ཞི་བདེ་དང་བདེ་འཇགས་བསྐྲུན་ཐབས་གཙོ་བོ་ཡིན་པ་དང་། བརྒྱུད་རིམ་འདིའི་ཁྲོད་ཐེ་ཝན་མཚོ་འགག་གི་ཞི་བདེ་ལ་དུས་ནམ་ཡང་གཡོ་བ་མེད་སྐོར་སོགས་གསུངས་འདུག།
ད་དུང་དཔལ་འབྱོར་བཅོས་བསྒྱུར་སྐོར་གླེང་སྐབས། ཁོང་མོའི་གཞུང་གསར་བས་ཐེ་ཝན་གྱི་དཔལ་འབྱོར་ལམ་ལུགས་ལ་བསྒྱུར་བཅོས་བྱས་ནས། ད་ཡོད་ཁྲོམ་རྭ་ཁེར་རྐྱང་ལ་བརྟེན་བཞིན་པའི་གནས་སྟངས་ལས་མངའ་ཁུལ་མཉམ་ལས་ཀྱི་གནས་སྟངས་ཤུགས་ཆེ་རུ་གཏོང་རྒྱུ་དང་། དམིགས་བསལ་ཐེ་ཝན་གྱི་དམངས་གཅོའི་རྩ་འཛིན་དང་། མི་མང་ཆེ་བའི་འདོད་པ་གཞིར་བཟུང་ནས་མ་འོངས་རྒྱ་ནག་དང་ཐེ་ཝན་བར་གྱི་གནད་དོན་ཁག་ཐག་གཅོད་ཀྱི་གཞི་རྩ་འཛིན་རྒྱུ་ཡིན་པ་ནན་བརྗོད་གནང་ཡོད།
དེ་བཞིན་ཁོང་མོའི་སྲིད་གཞུང་གསར་བས་བཅོས་བསྒྱུར་གྱི་ལས་འཆར་མང་པོ་སྤེལ་རྒྱུ་དང་། གནད་དོན་ཐག་གཅོད་བྱ་རྒྱུ། དེ་བཞིན་ཐེ་ཝན་དེ་ཁ་ཕྱོགས་གསར་པ་ཞིག་གི་ཕྱོགས་སུ་ཁྲིད་རྒྱུ་ཡིན་སྐོར་བརྗོད་འདུག
ལྕམ་ཚའེ་ཡེ་ཝུན་ནི་ཐེ་ཝན་མཚོ་འགག་གི་བྱུང་རབས་ལོ་རྒྱུས་ནང་བུད་མེད་སྲིད་འཛིན་ཐོག་མ་དེ་ཆགས་ཀྱི་ཡོད་ཅིང་། ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པར་སྲིད་འཛིན་རྒྱལ་ཁ་ཐོབ་པ་དང་། ཐེ་རྒྱ་གཉིས་དབར་དཔལ་འབྱོར་ཁེ་ལས་དང་སྲིད་དོན་འབྲེལ་ལམ་བཅས་གྱི་ཐད་ལ་རྩོད་གླེང་དང་བློ་འཚབ་འཕར་མ་ཞིག་སླེབས་ཀྱི་ཡོད་འདུག

གསར་འགོད་པ་འཆི་མེད།