ཐའེ་ལྦན་དང་རྒྱ་ནག་བར་མཁའ་འགྲུལ་འགོ་བཙུགས་བྱེད་འཆར།

ཐའེ་ལྦན་དང་རྒྱ་ནག་བར་ལ་རྒྱ་ནག་གི་གྲོང་ཁྱེར་ཁག་གསུམ་ནང་མཁའ་འགྲུལ་གྱི་ལས་དོན་འགོ་བཙུགས་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

༄༅༎ཐའེ་ལྦན་དང་རྒྱ་ནག་བར་ལ་འདི་ལོའི་ཕྱི་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་ནས་རྒྱ་ནག་གི་གྲོང་ཁྱེར་ཁག་གསུམ་ནང་མཁའ་འགྲུལ་གྱི་ལས་དོན་འགོ་བཙུགས་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

དེ་རིང་ཐའེ་ལྦན་གྱི་མཁའ་འགྲུལ་ལས་ཁང་གི་དཔོན་རིགས་ནས་གསུངས་ན་ཐའེ་ལྦན་གྱི་མཁའ་འགྲུལ་ལས་ཁང་ཨེ་ལྦ་ཞེས་པས་ཁོང་ཚོའི་འགྲུལ་བསྐྱེལ་གནམ་གྲུ་རྒྱ་ནག་གི་ལྷོ་ཕྱོགས་ཧྲེན་ཀྲེན་དང་ཧང་ཀྲོའུ་གཉིས་ནང་ལ་གཟའ་འཁོར་གཅིག་ལ་གནམ་གྲུ་ཐེངས་བཞི་ནས་ལྔ་བར་འཕུར་བསྐྱོད་ལས་དོན་ལག་བསྟར་བྱ་རྒྱུ་ཡིན་པ་དང་དེའི་བར་ལ་ཀྲརེན་སི་ཨེ་ཤི་ཡ་ཞེས་པའི་ཐའེ་ལྦན་གྱི་འགྲུལ་སྐྱེལ་གནམ་གྲུ་དེ་ནི་རྒྱ་ནག་གི་བྱང་ཤར་ཧ་ལེན་དུ་འཕུར་བསྐྱོད་ཀྱི་སྒོ་མོ་ཕྱེ་རྒྱུ་ཡིན་པ་གསུངས་ཡོད་པ་རེད། གང་ལྟར་རྒྱ་ནག་དང་ཐའེ་ལྦན་ཕྱོགས་གཉིས་ཀྱི་མཁའ་འགྲུལ་ལས་ཁང་གི་ངོས་ནས་རིང་མིན་ཕྱི་ཟླ་བཅུ་གཉིས་པའི་ནང་རྒྱ་ནག་ལྷོ་ཕྱོགས་གྲོང་ཁྱེར་ཧྲེན་ཀྲེན་དང་ཧང་ཀྲོའུ་དེ་བཞིན་རྒྱ་ནག་གི་བྱང་ཤར་ཏ་ལེན་གྲོང་ཁྱེར་གསུམ་ནང་མཁའ་འགྲུལ་གྱི་ལས་དོན་སྒོ་མོ་ཕྱེ་རྒྱུའི་འཆར་གཞི་ཡོད་པའི་ཐོག་ལ་ད་དུང་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧད་དང་པེ་ཅིང༌།ཀང་ཀྲོའུ།ནན་ཅིང་བཅས་ནང་མཁའ་འགྲུལ་འཕུར་བསྐྱོད་ཀྱི་གྲངས་ཀ་མང་དུ་གཏང་རྒྱུ་ཡིན་པ་རེད། ཐའེ་ལྦན་དང་རྒྱ་ནག་བར་ལ་ཕྱི་ཟླ་དྲུག་པའི་ནང་གཟའ་མཇུག་ཏུ་མཁའ་འགྲུལ་འཕུར་བསྐྱོད་བྱ་རྒྱུའི་གྲོས་མཐུན་བྱུང་བའི་རྗེས་ཟླ་བ་འདིའི་འགོ་སྟོང་དུ་ཕྱོགས་གཉིས་བར་ལ་གཟའ་འཁོར་གཅིག་ནང་ལ་ཕན་ཚུན་གནམ་གྲུ་འཕུར་བསྐྱོད་ཐེངས་བརྒྱ་དང་བརྒྱད་བྱ་རྒྱུ་མ་ཟད་རྒྱ་ནག་གི་གྲོང་ཁྱེར་ཁག་ཉི་ཤུ་རྩ་གཅིག་ནང་གི་མཁའ་འགྲུལ་འཕུར་བསྐྱོད་ཀྱི་ལས་དོན་གཞི་རྒྱ་ཆེ་རུ་གཏང་རྒྱུའི་གྲོས་མཐུན་བྱུང་བ་ཞིག་ཡིན་པ་རེད༎