ཨ་རི་དང་རྒྱ་ནག་བར་འབྲེལ་ལམ་སྡུག་ཏུ་འགྲོ་སྲིད་པ།

རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བའི་ཐད་ལ་བོད་དང་ཐའེ་ལྦན་དེ་བཞིན་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་གྱི་གནད་དོན་ཐོག་དོ་སྣང་ཡོད་སྐོར།

༄༅༎རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བའི་ཐད་ལ་དེ་སྔོན་གྱི་རྩོད་གཞི་རྙིང་པ་བོད་དང་ཐའེ་ལྦན། རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་གྱི་གནད་དོན་ཐོག་ལ་སླར་ཡང་ཉེ་ཆར་རྒྱ་ནག་གཞུང་གིས་འཕྲིན་གཏོང་དྲ་རྒྱ་Google’ནང་ནས་གནས་ཚུལ་རྐུ་འཁྱེར་བྱས་པའི་རྩོད་གཞིའི་དོན་རྐྱེན་དེའི་ཐོག་ནས་དེང་སྐབས་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བ་སྔར་བས་ཛ་དྲག་ཏུ་འགྱུར་རྒྱུའི་ཉེན་ཁ་ཡོད་པ་མ་ཟད། དམིགས་བསལ་ཨ་མི་རི་ཀའི་བདེ་སྲུང་ལྷན་ཁང་གིས་རྒྱ་ནག་མི་དམངས་བཅིངས་བཀྲོལ་དམག་གི་ནུས་སྟོབས་འཕེལ་རྒྱས་གཏོང་བའི་གནད་དོན་ཐོག་ལ་བློ་འཚབ་དང་དོ་སྣང་ཆེན་པོ་གནང་གི་ཡོད་པ་རེད།

གཟའ་འཁོར་འདིའི་ནང་དུ་རྒྱ་ནག་གཞུང་གིས་རྒྱ་ནག་ནང་དུ་ཡོད་པའི་Googleདྲ་རྒྱའི་ནང་ནས་གནས་ཚུལ་རྐུ་འཁྱེར་བྱེད་པའི་གནས་ཚུལ་ཐོན་པའི་རྗེས། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་དེའི་ཐོག་ལ་ཧ་ཅང་གི་བློ་འཚབ་དང་དོགས་གཞིའི་གནད་དོན་གལ་ཆེ་ཞིག་ཡིན་པ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་ཡོད་པ་མ་ཟད། Googleདྲ་རྒྱའི་ཚོང་ལས་ཁང་གི་ངོས་ནས་ཀྱང་རྒྱ་ནག་ནང་དུ་དྲ་རྒྱ་དེ་བརྒྱུད་གཞན་གྱི་གནས་ཚུལ་བལྟ་ཀློག་དང་འཚོལ་བསྡུ་བྱ་བཅུག་རྒྱུ་མིན་པའི་བཀག་འགོག་བྱ་རྒྱུ་དང། ཕལ་ཆེར་Googleདྲ་རྒྱའི་ཚོང་ལས་ཆ་ཚང་བ་རྒྱ་ནག་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་པའི་སྐོར་གསུངས་ཡོད་པ་རེད།

དེ་བཞིན་ཞི་བདེ་རྒྱ་མཚོའི་ནང་དུ་ཡོད་པའི་ཨ་མི་རི་ཀའི་དམག་དོན་དཔོན་རིགས་ནས་དམིགས་བསལ་རྒྱ་ནག་གཞུང་གིས་དམག་དོན་གཞི་རྒྱ་ཆེ་བའི་འཕེལ་རྒྱས་གཏོང་གི་ཡོད་པའི་གནད་དོན་ཐོག་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་མ་ཟད། ཨ་མི་རི་ཀའི་ཚོང་དོན་དཔོན་རིགས་ནས། རྒྱ་ནག་དང་ཨ་རིའི་ཚོང་འབྲེལ་དང། བོད་དང་ཐའེ་ལྦན་གྱི་གནད་དོན་དེ་དག་གིས་རྐྱེན་པས་རྒྱ་ནག་དང་ཨ་རིའི་འབྲེལ་བ་ཛ་དྲག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་གསུངས་ཡོད་པ་རེད། དེ་ཡང་ཨ་མི་རི་ཀས་ཐའེ་ལྦན་ལ་ཨ་རིའི་ཌོ་ལར་ཐེར་འབུམ་དྲུག་དང་ཕྱེད་ཀའི་གོ་མཚོན་ཚོང་འགྲེམས་བྱ་རྒྱུའི་བཀའ་ཁྲོལ་ཐོབ་པའི་ནང་གནམ་ཐོག་ནས་མེ་ཤུགས་འཕུར་མདེལ་གྱི་གཏོར་རྒོལ་འགོག་སྲུང་ཐུབ་པའི་གོ་མཚོན་དང་དམག་གི་ཐད་འཕུར་གནམ་གྲུ་སོགས་ཀྱི་ཚོང་བསྒྱུར་བྱ་རྒྱུའི་གནད་དོན་དང། གཞན་རིང་མིན་ཕྱི་ཟླ་ལྔ་པའི་ནང་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་ མཆོག་དང་༸གོང་ས་ཏ་ལའི་བླ་མ་མཆོག་མཇལ་འཕྲད་གནང་སྲིད་པའི་གནས་ཚུལ་ཐོན་བཞིན་པ་དེ་དག་གིས་རྒྱ་ནག་དང་ཨ་རིའི་འབྲེལ་བར་འགོག་རྐྱེན་གྱི་ཉེན་ཁའི་འབྱུང་རྐྱེན་ཞིག་ཀྱང་ཡིན་པ་གསུངས་ཡོད་པ་རེད།།